71903

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་ཀྱི་དམིགས་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སྐབས་འདིར་ཟབ་མོའི་དོན་རྟོགས་པའི་ཡེ་ཤེས་ཀྱི་དམིགས་པ་སྟོང་པ་ཉིད་ལ་གོ་བ་དང་། དེའི་ཚུལ་ཡང་པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། གསུམ་པ་ཡེ་ཤེས་ཀྱི་དམིགས་པ་ལ་དོགས་པ་དཔྱད་པ་ལ་གཉིས་ཡོད་དེ། དྲི་བ་དང་ལན་གཉིས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་ཇི་ལྟ་བུ་ཞེས་དྲི་བའི་ཕྱིར་ཏེ། འགྲེལ་ཆེན་ལས། ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་འདིའི་དམིགས་པ་ཅི་ཡིན་ཞེ་ན། ཞེས་གསུངས། གཉིས་པ་ལན་ལ་ལྔ་ཡོད་དེ། དབུ་སེམས་ཀྱི་ལུགས་གཉིས་འགོད་པ། དབུ་མ་པའི་ལུགས་འཐད་པར་སྒྲུབ་པ། དེ་ལ་སེམས་ཙམ་པའི་ཀླན་ཀ་སྤང་བ། སེམས་ཙམ་པའི་ལུགས་དགག་པ། ཡེ་ཤེས་ཀྱི་དབྱེ་བ་གཞན་མ་སྨོས་པའི་རྒྱུ་མཚན་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། སེམས་ཙམ་པས་གཞན་དབང་གཟུང་འཛིན་རྫས་ཐ་དད་ཀྱི་སྟོང་པའི་བདེན་གྲུབ་དེ་ལ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་དམིགས་པར་འདོད་ཅེས་པ་དང། དབུ་མ་པས་ཆོས་ཐམས་ཅད་བདེན་སྟོང་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་དམིགས་པར་འདོད་ཅེས་བཞེད་པ་བཀོད་པའི་ཕྱིར་ཏེ། དེ་ཉིད་ལས། ཁ་ཅིག་ནི་སྟོང་པ་ཉིད་ཡིན་ནོ་ཞེས་འདོད་དོ། །ཞེས་པ་དང། གཞན་དག་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་ལ་དམིགས་པར་འདོད་དོ། །ཞེས་གསུངས། གཉིས་པ་དབུ་མ་པའི་ལུགས་འཐད་པ་ཡིན་ཏེ། གང་ཤེས་པ་ཡིན་ན་རང་གི་ཤེས་བྱ་ཡིན་ན་བདེན་སྟོང་ཡིན་པས་ཁྱབ། དཔེར་ན་རྨི་ལམ་གྱི་རྟ་གླང་སྣང་བའི་ཤེས་པ་བཞིན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་ཤེས་པ་ཡིན་ནོ། །ཞེས་སོགས་གསུངས། ཡང་དེ་ཉིད་ལས། གསུམ་པ་དེ་ལ་སེམས་ཙམ་པའི་ཀླན་ཀ་སྤང་བ་ནི། སེམས་ཙམ་པ་ན་རེ། ཆོས་ཐམས་ཅད་བདེན་སྟོང་ཆོས་ཅན། བདེན་སྟོང་ཡིན་པར་ཐལ། རྣམ་ཤེས་ཀྱི་དམིགས་པ་ཡིན་པའི་ཕྱིར། དཔེར་ན་ཟླ་གཉིས་བཞིན། འདོད་ན། དངོས་པོ་བདེན་གྲུབ་ཡིན་པར་ཐལ། ཆོས་ཐམས་ཅད་བདེན་སྟོང་བདེན་པས་སྟོང་པའི་ཕྱིར། འདོད་ན། ཁས་བླངས་ཞེས་ཟེར། དེ་ཉིད་ལས། གང་དམིགས་པ་དེ་ནི་མེད་པ་མ་ཡིན་ནམ། དཔེར་ན་ཟླ་བ་གཉིས་ལ་སོགས་པ་བཞིན་ནོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་འདི་ཡང་དམིགས་པ་ཡིན་པས་མེད་པར་འགྱུར་ལ་དེས་ན་ཆོས་ཐམས་ཅད་ཡོད་པ་ཉིད་དུ་འགྱུར་རོ། །ཞེས་གསུངས། ཐལ་འགྱུར་ཕྱི་མ་ལ་མ་ཁྱབ་སྟེ། བདེན་གྲུབ་དེ་བདེན་སྟོང་གི་ཁྱབ་བྱེད་དང་བདག་གཅིག་པའི་ཆ་གང་ཡང་མ་ཡིན་པའི་ཕྱིར། དཔེར་ན་གསོད་བྱེད་མཆོད་སྦྱིན་དེ་ཉིད་བསད་བྱ་ལྷས་བྱིན་བསད་པའི་ཆ་མ་ཡིན་པས། མཆོད་སྦྱིན་བསད་པས་ལྷས་བྱིན་སླར་མི་འབྱུང་བ་བཞིན་ཏེ། དེ་ཉིད་ལས། ཉེས་པ་འདི་ནི་མེད་དེ་གང་གི་ཕྱིར་དངོས་པོ་མེད་པ། སྐུར་པ་འདེབས་པའི་མཐའ་ལྷས་བྱིན་ལྟ་བུར་གྱུར་པ་དེ་གསོད་པར་བྱེད་པ་རང་གི་ངོ་བོར་སྒྲོ་འདོགས་པའི་མཐའ་མཆོད་སྦྱིན་དང་འདྲ་སྟེ། སྟོང་པ་ཉིད་ཀྱི་བསད་པ་ན་སླར་འབྱུང་བ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས། ཞེས་སོགས་གསུངས། །
Domain ཆོས་ལུགས།