71937
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། ཚོགས་སྒྲུབ་བཅུ་བདུན་གྱི་ནང་ཚན། སྐབས་འདིར་གཙོ་བོར་ཟབ་མོ་སྟོང་པ་ཉིད་ཉི་ཤུ་རྟོགས་པའི་ཡུལ་ཅན་ཡེ་ཤེས་ཉི་ཤུ་ལ་ཡེ་ཤེས་ཀྱི་ཚོགས་སྒྲུབ་ཅེས་འཇོག། དེའི་དབྱེ་བ་དང་། དེ་ལ་དཔྱད་པ་སོགས་ནི། པཎ་ཆེན་གྱི་ཕར་ཕྱིན་མཐའ་དཔྱོད་ལས། ནང་དང་ཕྱི་རོལ་རྣམས་དང་ནི། །ཞེས་སོགས་ཚིགས་བཅད་གསུམ་ལ། ཡུལ་སྟོང་པ་ཉིད་ཆོས་ཅན། དུ་མར་ཡོད་དེ། སྟོང་གཞི་ཆོས་ཅན་གྱི་སྒོ་ནས་ཕྱེ་བའི་ཉི་ཤུ་ཡོད་པའི་ཕྱིར། དེ་ལ་སྟོང་ཉིད་ཉི་ཤུ་པོ་མཐའ་དག་ཡིན་ཁྱབ་མཉམ་དུ་མི་བྱ་སྟེ། འདུས་བྱས་སྟོང་པ་ཉིད་དང་འདུས་མ་བྱས་སྟོང་པ་ཉིད་འགལ་བའི་ཕྱིར་དང་། ནང་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་ཀྱང་འགལ་བའི་ཕྱིར། ནང་ཕན་ཚུན་དུ་འགལ་བར་ཡང་མི་བྱ་སྟེ། ནང་སྟོང་པ་ཉིད་ལ་སོགས་པ་འགའ་ཞིག་འདུས་བྱས་སྟོང་པ་ཉིད་དང། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ལ་སོགས་པ་འདུས་མ་བྱས་སྟོང་པ་ཉིད་ཡིན་པའི་ཕྱིར། སེམས་ཙམ་པ་ལྟར་ན། འདུས་བྱས་སྟོང་པ་ཉིད་དང་འདུས་མ་བྱས་སྟོང་པ་ཉིད་ཀྱང་མི་འགལ་སྟེ། ནམ་མཁའི་སྟོང་ཉིད་དེ་དེ་གཉིས་ཀ་ཡིན་པའི་ཕྱིར། དེ་ལ་ཡེ་ཤེས་ཀྱི་ཚོགས་ནི་ནང་དང་། ཞེས་སོགས་ལ། འདིར་བསྟན་ཡུལ་ཅན་ཡེ་ཤེས་ཉི་ཤུ་ཡོད་དེ། ནང་སྟོང་པ་ཉིད་རྟོགས་པའི་ཡུལ་ཅན་ཡེ་ཤེས་ནས། གཞན་གྱི་ངོ་བོ་སྟོང་པ་ཉིད་རྟོགས་པའི་ཡུལ་ཅན་ཡེ་ཤེས་བར་ཉི་ཤུ་ཡོད་པའི་ཕྱིར། མཁས་པ་ཁ་ཅིག གཞུང་འདིས་ཡུལ་ཅན་ཡེ་ཤེས་ཉི་ཤུའི་ས་མཚམས་བསྟན་པ་ཡིན་ཏེ། འགྲེལ་ཆེན་ལས། སྟོང་པ་ཉིད་འདིར་གསུམ་ནི་མོས་པས་སྤྱོད་པའི་ས་ལའོ། །ཞེས་པ་ནས། སྟོང་པ་ཉིད་ཐ་མའི་སྐབས་སུ། འདི་ནི་སངས་རྒྱས་ཀྱི་སས་བསྡུས་སོ། །ཞེས་བཤད་པའི་ཕྱིར་ཞེ་ན། མི་འཐད་དེ། ཚོགས་ལམ་གྱིས་བསྡུས་པའི་སྟོང་པ་ཉིད་ཉི་ཤུ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་དང་། མཐོང་ལམ་གྱིས་བསྡུས་པའི་སྟོང་ཉིད་ཉི་ཤུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་བཞག་ཏུ་ཡོད་པའི་ཕྱིར། རང་ལུགས། གཞུང་འདི་ཡུལ་ཅན་ཡེ་ཤེས་ཀྱི་མཚན་གཞི་དང་། དབྱེ་བ་སྟོན་པ་ལ་སྦྱར་རོ། །ཡུལ་ཅན་ཡེ་ཤེས་ཀྱི་དམིགས་པ་ལ་སེམས་ཙམ་པས། གཞན་དབང་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་བདེན་པར་གྲུབ་པ་དེ་དེ་ཡིན་ཟེར། དབུ་མ་པས་ཆོས་ཉིད་བདེན་སྟོང་དེ་དེ་ཡིན་གསུངས། ཕྱི་མའི་རྗེས་སུ་འབྲང་བ་ཡིན་ཏེ། གང་ཤེས་པ་ཡིན་ན། རང་གི་ཤེས་བྱ་ཡིན་ན། བདེན་སྟོང་ཡིན་པས་ཁྱབ། དཔེར་ན་རྨི་ལམ་དུ་རྟ་གླང་སྣང་བའི་ཤེས་པ་བཞིན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་ཤེས་པ་ཡིན་ནོ། །ཞེས་སོགས་གསུངས། སྤྱི་དོན་དང་རྩ་ཊིཀ་གཉིས་ལས་ཀྱང་དེ་དང་མཐུན་པར་གསུངས་སོ། ། |
| Domain | ཆོས་ལུགས། |