71980

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་ཆོས་སྐུ་ (1)
Part of speech མིང་ཚིག
Definition ཆོས་ལུགས། མདོ། ཇི་ལྟ་བ་སྟོང་པ་ཉིད་དང་ཇི་སྙེད་པ་ཀུན་རྫོབ་པའི་ཆོས་གཉིས་ལ་ལྟོས་ནས་གཟིགས་པ་མཐར་ཐུག་པའི་ཡེ་ཤེས་དེ་ལ་ཟེར་བ་ཡིན་ཏེ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་དགའ་བྱང་ཡིག་ཆ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དོན་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ་བློ་གསལ་གྱི་མགུལ་རྒྱན་ལས། ཇི་ལྟ་བ་དང་ཇི་སྙེད་པ་ལ་ལྟོས་ནས་གཟིགས་པ་མཐར་ཐུག་པའི་ཡེ་ཤེས། ཡེ་ཤེས་ཆོས་སྐུའི་མཚན་ཉིད། ཅེས་གསུངས་པའི་ཕྱིར།

{{#arraymap:ཡེ་ཤེས་ཆོས་སྐུ་

|; |@@@ | | }}

ཡེ་ཤེས་ཆོས་སྐུ་ (2)
Part of speech མིང་ཚིག
Definition སྒྲིབ་གཉིས་མ་ལུས་པ་སྤངས་པའི་མཁྱེན་པར་དམིགས་པ། དེ་ལ་དབྱེ་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཏུ་ཡོད། ས་མཚམས། སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་དོ། །

{{#arraymap:ཡེ་ཤེས་ཆོས་སྐུ་

|; |@@@ | | }}

ཡེ་ཤེས་ཆོས་སྐུ་ (3)
Part of speech མིང་ཚིག
Definition གནས་འགྱུར་མཐར་ཕྱིན་པའི་མཁྱེན་པར་དམིགས་པ། ཡེ་ཤེས་ཆོས་སྐུའི་མཚན་ཉིད། དེ་ལ་དབྱེ་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཟག་མེད་སྡེ་ཚན་ཉེར་གཅིག་ཏུ་ཡོད། དེ་ཡང་བསྡུ་ན། སངས་འཕགས་ཀྱི་རྒྱུད་ཀྱི་ཆོས་དབྱིངས་ཡེ་ཤེས། མེ་ལོང་ལྟ་བུའི་ཡེ་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས། སོ་སོར་རྟོག་པའི་ཡེ་ཤེས། བྱ་བ་གྲུབ་པའི་ཡེ་ཤེས་དང་ལྔར་ཡོད། དེ་ཡང་བསྡུ་ན། ཇི་ལྟ་བ་མཁྱེན་པའི་དེ་དང༌། ཇི་སྙེད་པ་མཁྱེན་པའི་དེ་གཉིས་སུ་འདུ་བའི་ཕྱིར་ཏེ། ཤེས་བྱ་ཐམས་ཅད་ཇི་ལྟ་བ་དང༌། །ཇི་སྙེད་པ་གཉིས་སུ་འདུ་བའི་ཕྱིར། དེ་ཡང་ཆོས་དབྱིངས་ཡེ་ཤེས་དེ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་སྐུ་དང༌། ཕྱི་མ་བཞི་པོ་ཇི་སྙེད་པ་མཁྱེན་པའི་དེར་འཇོག་པ་ཡིན་ནོ། །དེ་ལྟར་ཡིན་ན་ཕྱི་མ་བཞི་པོའི་ཁྱད་པར་ཇི་ལྟ་བུ་ཞེ་ན། དེ་ཡང་གཞག་ཏུ་ཡོད་དེ། མེ་ལོང་ལྟ་བུའི་ཡེ་ཤེས་ནི། མེ་ལོང་གཡའ་དག་པའི་ནང་དུ་སྔོ་སེར་ལ་སོགས་པའི་རྣམ་པ་ཇི་ལྟར་ཤར་བ་བཞིན་དུ་ཡེ་ཤེས་དེ་ལ་ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་དུས་ཅིག་ཅར་དུ་མངོན་སུམ་གྱིས་ཤར་བའི་སྒོ་ནས་ཆོས་ཐམས་ཅད་ལ་ལོངས་སྤྱོད་པའི་ངོ་བོ་ཅན་དང༌། བྱེད་ལས་རང་འབྲས་ཡེ་ཤེས་ཕྱི་མ་གསུམ་པོ་སྐྱེད་པར་བྱེད་པའི་བྱེད་ལས་དང་ལྡན་པ་ཡིན་ནོ། །མཉམ་ཉིད་ཡེ་ཤེས་དེ་ནི། ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་ཞི་མཐའ་ལ་མི་གནས་པའི་ངོ་བོ་ཅན་དང༌། བྱེད་ལས་གདུལ་བྱ་རྣམས་ཀྱི་སྐལ་བ་དང་འཚམ་བར་གཟུགས་སྐུ་རྣམ་པ་སྣ་ཚོགས་པ་སྟོན་པའི་བྱེད་ལས་དང་ལྡན་པ་ཡིན་ནོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་སྤངས་པའི་ངོ་བོ་ཅན་དང༌། བྱེད་ལས་འཁོར་གྱི་དབུས་སུ་ལོངས་སྐུའི་ཆོས་སྟོན་པའི་བྱེད་ལས་དང་ལྡན་པ་ཡིན་ནོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་དབང་པོའི་རིམ་པ་རྣམས་མངོན་སུམ་གྱིས་མཁྱེན་པའི་ངོ་བོ་ཅན་དང༌། བྱེད་ལས་གཞན་དོན་དུ་སྤྲུལ་པ་སྣ་ཚོགས་པ་སྤྲུལ་བའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པ་ཡིན་ནོ། །འོ་ན་ཡེ་ཤེས་ལྔ་པོ་དེ་དག་རྒྱུ་ཇི་ལྟ་བུ་ལས་བྱུང་བ་ཡིན་ཞེ་ན། དེ་རྣམས་ཚོགས་གཉིས་གཟུང་འབྲེལ་དུ་བསགས་པ་ལས་བྱུང་བ་ཡིན་ཏེ། ཆོས་དབྱིངས་ཡེ་ཤེས་དེ་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་བྱུང་ཞིང༌། ཕྱི་མ་བཞི་པོ་བསོད་ནམས་ཀྱི་ཚོགས་བསགས་པ་ལས་བྱུང་བ་ཡིན་ནོ། །ཕྱི་མ་དེ་རྣམས་ཀྱང་དང་པོར་གསུང་རབ་ལ་ཐོས་པ་མང་དུ་བཙལ་བ་ལ་བརྟེན་ནས་མེ་ལོང་ལྟ་བུའི་ཡེ་ཤེས་དེ་འབྱུང༌། བདག་གཞན་ཆགས་སྡང་མེད་པར་མཉམ་པ་ཉིད་དུ་མངོན་སུམ་གྱིས་བསྒོམས་པར་བྱས་པ་ལ་བརྟེན་ནས་མཉམ་ཉིད་ཡེ་ཤེས་དེ་འབྱུང༌། གསུང་རབ་ཀྱི་དོན་ཇི་ལྟ་བ་བཞིན་དུ་དཔེ་མཁྱུད་མེད་པར་བསྟན་པ་ལ་བརྟེན་ནས་སོ་སོར་རྟོག་པའི་ཡེ་ཤེས་དེ་འབྱུང༌། གཞན་གྱིས་ཆོས་ཀྱི་བྱ་བ་སྒྲུབ་པའི་གྲོགས་བྱས་པ་ལ་བརྟེན་ནས་བྱ་བ་གྲུབ་པའི་ཡེ་ཤེས་དེ་འབྱུང་བ་ཡིན་ནོ། །ཤེས་བྱ་མཁྱེན་ཚུལ་ནི། སངས་རྒྱས་འཕགས་པའི་མཁྱེན་པ་སྐད་ཅིག་མ་གཅིག་གིས་ཀྱང་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་གཟིགས་པ་དང༌། ཇི་སྙེད་པ་གཟིགས་པའི་གཟིགས་ངོ་ནས་ཇི་ལྟ་བ་གཟིགས་པ་ཡིན་ཏེ། སངས་རྒྱས་ཀྱི་སར་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ཟད་པར་སྤངས་པ་ཡིན་པའི་ཕྱིར་ཏེ། དེའི་སར་མཉམ་རྗེས་ངོ་བོ་གཅིག་པའི་ཕྱིར། དེ་ལྟར་ཡིན་ཀྱང་རྣམ་མཁྱེན་དེས་ཇི་ལྟ་བ་གཟིགས་པའི་གཟིགས་ཚུལ་ལྟར་ཇི་སྙེད་པ་མ་གཟིགས། ཇི་སྙེད་པ་གཟིགས་པའི་གཟིགས་ཚུལ་ལྟར་ཇི་ལྟ་བ་མ་གཟིགས་པ་ཡིན་ཏེ། རྣམ་མཁྱེན་དེས་ཇི་ལྟ་བ་གཉིས་སྣང་ནུབ་པའི་ཚུལ་གྱིས་གཟིགས། ཇི་སྙེད་པ་གཉིས་སྣང་དང་བཅས་པའི་ཚུལ་གྱིས་གཟིགས་པའི་ཕྱིར།

{{#arraymap:ཡེ་ཤེས་ཆོས་སྐུ་

|; |@@@ | | }}

ཡེ་ཤེས་ཆོས་སྐུ་ (4)
Part of speech མིང་ཚིག
Definition རང་ཉིད་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་སྦྱོར་བཞི་ཉམས་སུ་བླངས་པ་ལ་བརྟེན་ནས་ཐོབ་པའི་ཡེ་ཤེས་མཐར་ཐུག་དེ་ཡེ་ཤེས་ཆོས་སྐུའི་མཚན་ཉིད་ཡིན། དེ་ལ་རྒྱས་པར་དབྱེ་ན། སངས་རྒྱས་ཀྱི་སའི་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཡོད། དེ་ཡང་བསྡུ་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔར་འདུ་ཞིང་དེ་ལྔ་དོན་གཅིག་སྟེ། རྣམ་མཁྱེན་གཅིག་ཉིད་ཆོས་རྣམས་མེ་ལོང་ནང་གི་གཟུགས་བརྙན་ལྟར་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པའི་ཡེ་ཤེས་ཡིན་པས་ན་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། སྔོན་སེམས་ཅན་རྣམས་ལ་ཉེ་རིང་ཆགས་སྡང་སྤངས་པའི་བཏང་སྙོམས་བསྒོམས་པས་མཐར་ཕྱིན་པའི་ཡེ་ཤེས་ཡིན་པས་ན་མཉམ་ཉིད་ཡེ་ཤེས་དང༌། ཆོས་རྣམས་ལ་སོ་སོར་རྟོགས་པ་མཐར་ཕྱིན་པའི་ཡེ་ཤེས་ཡིན་པས་ན་སོར་རྟོགས་ཡེ་ཤེས་དང༌། གདུལ་བྱའི་དོན་སྒྲུབ་པ་མཐར་ཕྱིན་པའི་ཡེ་ཤེས་ཡིན་པས་ན་བྱ་སྒྲུབ་ཡེ་ཤེས་དང༌། ཆོས་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་མངོན་སུམ་དུ་མཉམ་པར་བཞག་པའི་ཡེ་ཤེས་ཡིན་པས་ན་ཆོས་དབྱིངས་ཡེ་ཤེས་ཞེས་པའི་རིམ་པ་བཞག་པ་ཡིན་ནོ། །

{{#arraymap:ཡེ་ཤེས་ཆོས་སྐུ་

|; |@@@ | | }}

ཡེ་ཤེས་ཆོས་སྐུ་ (5)
Part of speech མིང་ཚིག
Definition སྐུ་བཞིའི་ནང་ཚན་གང་ཞིག སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་ཤིག་ལ་ཟེར། དེའི་མཚན་ཉིད་དང། དབྱེ་བ་སོགས་ཡོད་དེ། པཎ་ཆེན་གྱི་ཕར་ཕྱིན་མཐའ་དཔྱོད་ལས། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་པ་ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་བར་ལ། སངས་རྒྱས་ཀྱི་སའི་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཆོས་ཅན། ཡེ་ཤེས་ཆོས་སྐུ་ཡིན་ཏེ། ཇི་ལྟ་བ་དང་ཇི་སྙེད་པ་ལ་ལྟོས་ནས་གཟིགས་པ་མཐར་ཐུག་པའི་ཡེ་ཤེས་ཡིན་པའི་ཕྱིར། ཇི་ལྟ་བ་དང་ཇི་སྙེད་པ་ལ་ལྟོས་ནས་གཟིགས་པ་མཐར་ཐུག་པའི་ཡེ་ཤེས་དེ། ཡེ་ཤེས་ཆོས་སྐུའི་མཚན་ཉིད་དང་། དབྱེ་ན། ཇི་ལྟ་བ་རྟོགས་པའི་ཡེ་ཤེས་ཆོས་སྐུ། ཇི་སྙེད་པ་རྟོགས་པའི་ཡེ་ཤེས་ཆོས་སྐུ་གཉིས་ཡོད། ཡང་དེས་བསྡུས་པའི་མེ་ལོང་ལྟ་བུའི་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོ་སོར་རྟོགས་པའི་ཡེ་ཤེས། བྱ་གྲུབ་ཡེ་ཤེས། ཆོས་དབྱིངས་ཡེ་ཤེས་དང་ལྔ་ཡོད། སངས་རྒྱས་འཕགས་པའི་རྒྱུད་ཀྱི་དབང་ཤེས་དང་རང་རིག་རྣམས་ཡེ་ཤེས་ཆོས་སྐུར་སྨྲ་བ་དོར་བར་བྱའོ། །ཞེས་གསུངས་སོ། །

{{#arraymap:ཡེ་ཤེས་ཆོས་སྐུ་

|; |@@@ | | }}

ཡེ་ཤེས་ཆོས་སྐུ་ (6)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་སྐུ་བཞིའི་ནང་ཚན་ཞིག་སྟེ། སངས་རྒྱས་ཀྱི་སའི་གནས་ཡོངས་སུ་གྱུར་པའི་མཐར་ཐུག་པའི་ཡེ་ཤེས་གང་ཞིག་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་རྟེན་དུ་གྱུར་པ་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་རྣམ་པ་ཐམས་ཅད་མ་འདྲེས་པར་མཁྱེན་པའི་ཡེ་ཤེས་ཞིག་ལ་ཟེར། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ཇི་ལྟ་བ་དང་ཇི་སྙེད་པ་ལ་ལྟོས་ནས་གཟིགས་པ་མཐར་ཐུག་པའི་ཡེ་ཤེས། ཡེ་ཤེས་ཆོས་སྐུའི་མཚན་ཉིད། ཅེས་གསུངས་སོ། །

{{#arraymap:ཡེ་ཤེས་ཆོས་སྐུ་

|; |@@@ | | }}