71990
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་ཆེན་པོའི་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་ཚན་ལས་ཀྱི་འཕྱོང་ཞེས་བྱ་ལ། སྤྱི་སྤུངས་བསྙེན་བསྒྲུབ་༼བསྙེན་པ་དགུ་དང་བསྒྲུབ་པ་བཅོ་བརྒྱད་ལ་གོ༽གཉིས་ཀྱི་ལས་རིམ་ལ་དངོས་སུ་འཇུག་སྐབས་གུད་དུ་བསྟན་པའི་ཁ་ཚར་ཟུར་བཀོལ་གྱི་བོན་ཏེ། དེ་ཡང་ཡི་དམ་ལ་བསྙེན་བསྒྲུབ་སོགས་ཀྱི་སྒོ་ནས་བསྟན་དང་འགྲོ་བའི་དོན་ལ་འཚེ་བའི་དགྲ་བགེགས་ལོག་འདྲེན་གང་ཡིན་བཀུག་ཅིང་བསྒྲལ་བའི་སྣང་སྲིད་འཁོར་བ་སྒྲོལ་འདྲེན་གྱི་བོན་སྐོར་ཞིག་ལགས་སོ། ། དེ་ལ་ཡང་། ཐེག་པ་བདུན་པ་ཨ་དཀར་གྱི་མདོ་ལས། ཡེ་ཤེས་དབལ་མོ་སྲོག་གི་མཆོང་། འཕྲུལ་གཤེན་ཐེག་པའི་དོན་དང་སྦྱར། ཞེས་གསུངས་པའི་དོན་ཇི་ཡིན་ཞེ་ན། བོན་སྒོ་འདི་ཉིད་བཀའ་ལྷོ་ཡི་གཏེར་ལུགས་ཀྱི་རྒྱུ་ཐེག་གསུམ་པ་འཕྲུལ་གཤེན་ཐེག་པའི་བོན་སྒོ་དང་ལྟ་སྤྱོད་ཀྱི་ཁོག་གཞི་མ་ཐུན་ཡང་ལག་ལེན་གྱི་རྣམ་པ་ཙམ་ལ་མཐུན་པ་ཡོད་པའི་དོན་ཡིན་པར་མངོན་ནོ། །དེ་ལྟར་བསྟན་པ་ཡང་གདུལ་བྱ་དམན་པ་རྣམས་ཐེག་པ་གོང་མར་ཁ་བཀྲི་བའི་ཐབས་ཏེ་འཕྲུལ་གཤེན་པ་རྣམས་སྔགས་ལམ་ལ་བྲོད་པ་བསྐྱེད་ནས་འཇུག་པའི་ཆེད་ཡང་ཡིན་ནོ། །དེ་ལྟར་ཤེས་བྱེད་ཀྱི་རྒྱུ་མཚན་ནི། གཟི་བརྗིད་ཨ་དཀར་གྱི་ཐེག་པའི་མདོ་ལས། མ་རྟོགས་ལོག་པར་གོལ་བ་རྣམས། སྟོབས་ལྔ་ཐབས་དྲུག་ལས་རིམ་དང་། རྫུ་འཕྲུལ་བཅུ་གསུམ་ཤུགས་ཀྱིས་བསྒྲལ། སྣང་སྲིད་འཁོར་བ་སྒྲོལ་འདྲེན་གྱིས། ཁམས་གསུམ་ས་དགུ་དོང་ནས་སྤྲུགས། མ་རྟོགས་ལོག་པ་རྟོག་མེད་དབྱིངས། མ་རིག་བོན་ཉིད་དབྱིངས་སུ་སངས། སྣང་སྲིད་འཁོར་བ་དབྱིངས་སུ་སྒྲོལ། ལྟ་དགོངས་ནམ་མཁའ་ལྟ་བུ་དང་། གང་འདུལ་དེར་སྟོན་མ་གཏོགས་པ། ཕལ་དང་ཕལ་གྱི་ཐུན་མོང་མིན། དབལ་མོ་སྲོག་གི་འཕྱོང་དུའོ། །ཞེས་པས་ཤེས་སོ། །བོན་སྐོར་དེ་དག་དང་དེའི་སྤྱོད་ཚུལ་རྣམས་ཀྱང་འཕྲུལ་གཤེན་བོན་སྤྱོད་ཀྱི་དབང་གི་སྣོད་བསྟན་པའི་སྐབས་སུ་བཀོད་ཡོད་པས་དེར་གཟིགས་པར་འཚལ། |
| Domain | ཆོས་ལུགས། |