72245

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་གཅོད་ཀྱི་བསྒྲུབ་བྱ་ (1)
Part of speech མིང་ཚིག
Definition ཡོངས་གཅོད་ལ་ལྟོས་ཏེ་གཅིག་ཏུ་བསྒྲུབ་པ་ནི། བསྒྲུབ་བྱར་འདོད་པ་རིགས་པའི་སྒོར། རིགས་པའི་སྒོར་བསྒྲུབ་བྱར་འདོད་པ་ཕྱོགས་ཡིན་ནོ་ཞེས་གསུངས་པའི་རྗེས་སུ་འབྲངས་ནས་ཕྱོགས་ཀྱི་མཚན་ཉིད་བསྒྲུབ་བྱར་ཁས་བླངས་པ་ཉིད་ཡིན་ལ། དེ་ཡང་དངོས་སམ་ཤུགས་ཀྱིས་ཁས་བླངས་པའོ། །མཚན་གཞི་ནི། སྒྲ་ཡི་དོན་ལ་རང་མཚན་དུ། །འཁྲུལ་པ་བསྒྲུབ་བྱའི་མཚན་གཞི་ཡིན། །སྒྲ་དོན་དང་རང་མཚན་སོ་སོར་མ་ཕྱེ་བར་ཚོགས་དོན་བསྒྲུབ་བྱའོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། བསྒྲུབ་བྱར་ཁས་བླངས་སུ་རུང་བའོ། །དབྱེ་བ་ལ། རང་དོན་བསྒྲུབ་བྱ་ཡང་དག་དང་། གཞན་དོན་བསྒྲུབ་བྱ་ཡང་དག་གཉིས་ལས། མཚན་ཉིད་རིམ་བཞིན། སྔར་རྒོལ་གྱིས་ཕྱིར་རྒོལ་གྱི་ངོར་བསྒྲུབ་བྱར་མ་བཟུང་བ་གང་ཞིག་ཅེས་དང་། བཟུང་བ་གང་ཞིག་ཅེས་པའི་མཇུག་ཏུ་གཞུང་གཉིས་ཀྱི་དོན་སོ་སོར་འགོད་དོ། །བསྒྲུབ་བྱ་དང་། རྗེས་སུ་དཔག་བྱ་དང་། རྟགས་ཀྱི་ནུས་ཡུལ་དང་། རྟགས་ཅན་དང་། ཕྱོགས་རྣམས་མིང་གི་རྣམ་གྲངས་ཡིན་པས་མཚན་ཉིད་གཅིག་གིས་མཚོན་ཏེ། རྒོལ་བས་བསྒྲུབ་བྱར་ཁས་བླངས་པའོ། །མཚན་གཞི་ནི། བསྒྲུབ་བྱའི་མཚན་གཞི་ཆོས་དང་ཆོས་ཅན་རང་མཚན་གྱི་ཚོགས་དོན་ནམ་བརྟགས་པའི་ཚོགས་དོན་གང་ཡིན་ཞེ་ན། བརྟགས་པའི་ཚོགས་དོན་མ་ཡིན་ཏེ། སྒྲ་དོན་རྐྱང་པ་ལ་དགག་སྒྲུབ་བྱས་པའི་རང་མཚན་གོ་བ་མི་འགྱུར་བའི་ཕྱིར། དངོས་པོ་ཚོགས་དོན་ཡང་མ་ཡིན་ཏེ། རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་མི་ནུས་པའི་ཕྱིར། དེས་ན་དེ་གཉིས་སོ་སོར་མ་ཕྱེ་བའི་སྒྲ་དོན་ལ། རང་མཚན་དུ་འཁྲུལ་པའི་ཚོགས་དོན་ཉིད་བསྒྲུབ་བྱའི་མཚན་གཞི་ཡིན་ཏེ། བློས་རང་མཚན་དུ་རློམ་པའི་སྒོ་ནས་སྒྲ་དོན་ལ་དགག་བསྒྲུབ་དངོས་སུ་བྱེད་པའི་ཕྱིར་རོ། །དེ་ཡང་སྒྲ་དང་མི་རྟག་པའི་ཚོགས་དོན་བསྒྲུབ་བྱའི་མཚན་གཞི་ཡིན་ཅེས་བརྗོད་པའི་ཚེ་སྒྲ་དེ་ཡང་སྒྲ་དོན་དང་རང་མཚན་སོ་སོར་མ་ཕྱེ་བ་ཡིན་ཅིང་། མི་རྟག་པ་དེ་ཡང་སྒྲ་དོན་དང་རང་མཚན་སོ་སོར་མ་ཕྱེ་བ་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།