72284
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྗེ་མཉམ་མེད་ལྷ་རྩེ་པ་ངག་དབང་བཟང་པོ་མཆོག་ནི། དབུས་འཕྱོངས་རྒྱས་སྟག་རྩེའི་བྱ་འདབས་སུ། ཡབ་གཟིམ་དཔོན་དགོས་འཛོམས་པ་དང༌། ཡུམ་དགོས་དགོས་ཞེས་པ་གཉིས་ཀྱི་སྲས་སུ། རབ་བྱུང་དགུ་པའི་མེ་རྟ་ ༡༥༤༦ ལོར་འཁྲུངས། གཞོན་དུས་གསོ་དཔྱད་སོགས་བསླབས། དགུང་ལོ་བཅུ་དགུ་ལ། རྗེ་ཆོས་ཀྱི་མགོན་པོ་ལ་གཙུག་ཕུད་ཕུལ་ཅིང༌། ཁྲིད་གདམས་ངག་ཐམས་ཅད་གསན། ཀུན་མཁྱེན་པདྨ་དཀར་པོའི་ཞབས་པད་བསྙེན། ཅོག་གྲྭ་རིན་ཆེན་དཔལ་བཟང༌། རྡོར་འཛིན་ཀུན་སྙིང་། རྗེ་མི་ཕམ་ཆོས་རྒྱལ། འཕེན་པོ་ཆོས་གྲུབ་དཔལ་བཟང༌། གྲྭ་ཆོས་གླིང་པ་སྣ་ཚོགས་རང་གྲོལ། འཕྲེང་པོ་གཏེར་སྟོན་ཤེས་རབ་འོད་ཟེར། ཀརྨ་པ་དབང་ཕྱུག་རྡོ་རྗེ། ཞྭ་དམར་དཀོན་མཆོག་ཡན་ལག བདག་ཆེན་བསོད་ནམས་དབང་པོ། རྒྱལ་བ་བསོད་ནམས་རྒྱ་མཚོ། བྱང་བདག་དབང་པོའི་སྡེ་སོགས། རིས་བྲལ་གྱི་སྐྱེས་ཆེན་དུ་མ་ལས། དབང་ལུང་མན་ངག་རྣམས་གསན། ཉེར་བརྒྱད་ལ་ཀུན་མཁྱེན་རྗེའི་སྤྱན་སྔར། བསྙེན་པར་རྫོགས། སོ་གཅིག་ལ་ལྷ་རྩེར། ལོ་བརྒྱད་བཞུགས་པས། མཚན་ལྷ་རྩེ་པར་གྲགས། རྣལ་འབྱོར་གྱི་དབང་ཕྱུག་དཔག་ཏུ་མེད་པ་བྱུང༌། ཕྱོགས་ཐམས་ཅད་དུ། ལྷ་རྩེ་པ་ཆེན་པོ་ཞེས་གྲགས། དགའ་ལྡན་གླིང་དུ་མཁའ་དབྱིངས་སུ། རྗེ་བཙུན་བྱམས་མགོན་ལ། ལྷ་དང་ལྷ་མོས་མཆོད་པ་འབུལ་བ་སོགས། གཟིགས་ཀྱང་སྦས་པ་ལྷུར་བཞེས། གོང་དཀར་རྣམ་རྒྱལ་ལྷུན་པོའི་ཆོས་སྡེ་དང༌། ལུམ་པ་བྱང་ཆུབ་སྡིངས་ཀྱི་སྒྲུབ་སྡེ་གཉིས་གསར་འཛུགས་མཛད། གསུང་མགུར་ཞལ་གདམས་ཚོགས་ཆོས་སོགས། བཀའ་འབུམ་པུསྟིཀ་ལོངས་པར་བཞུགས། བདུན་ཅུ་པ་ཤིང་ཡོས་ ༡༦༡༥ ལོའི་ཟླ་བ་བཅུ་གཅིག་པའི། གནམ་སྟོང་གི་ཐོ་རེངས་སུ། ཞི་བར་གཤེགས་སོ། །གདུང་སྦྱོང་དུས། འཇའ་ཁ་དོག་ལྔ་ལྡན་ཟུག་ཅིང༌། དེ་ལས་འོད་ཀྱི་གོང་བུ་དུང་ལྟར་དཀར་བ་སྙིམ་པ་ཙམ་ཞིག་ཤར་ཕྱོགས་སུ་ཇེ་མཐོར་སོང་བ་དང༌། རིང་བསྲེལ་གྱི་ཆར་བབས་པ་སོགས་བྱུང༌། ཞལ་སློབ་ནི། འབྲུག་ཆེན་ལྔ་པ། གྲུབ་མཆོག་མི་ཕམ་བློ་གྲོས་ཏེ་གཙོ་བོ་གཉིས་དང༌། ཆོས་མགོན་གཉིས་པ། སྙེ་མདོའི་བསོད་ནམས་དཔལ་བཟང༌། རྒྱ་སྟོན་དབང་ཕྱུག་རྒྱལ་པོ། ལོ་ཆེན་སངས་དཔལ། མཁས་དབང་སངས་རྡོར། རྫིང་ཁ་རས་ཆེན། གྲུབ་ཐོབ་ཨོ་རྒྱན་པ། སྟག་རས་ངག་དབང་རྒྱ་མཚོ། ཁམས་སྤྲུལ་དང་པོ། རྡོ་རྫོང་དང་པོ། ཤེལ་བྲག་རྟོགས་ལྡན་ཁམས་གསུམ་རྣམ་རྒྱལ། སྐྱིད་སྦུག་གྲུབ་ཤེས་རབ་འབྲུག་རྒྱལ། ཆོས་རྗེ་ཐུགས་རྗེ་དཔལ་འབྱོར། ཆོས་གྲགས་རྒྱ་མཚོའི་དབྱངས། ལྷ་བཙུན་ཤེས་བཟང། གློ་བོ་ངག་ཐོགས། མངའ་རིས་བདེ་རྒྱ། བསམ་གླིང་མཁན་ཆེན་རྒྱ་མཚོ་པད་དཀར། རིན་སྤུངས་ཟླ་བཟང་། ལོ་ཆེན་རྡོར་ཆོས་པ། རྩེ་ཆེན་སློབ་དཔོན་སངས་རྒྱ། དུས་འཁོར་རྣམ་གྲོལ་བཟང་པོ། ལ་སྟོད་སེངྒེ། ཆོས་རྗེ་དཀོན་རིན། སྔགས་ཆེན་རྣམ་རྒྱལ་བཀྲ་ཤིས། འབྲུག་ཐེག་མཆོག ། ཀོང་པོ་རྒྱལ་དབང་སྤྲུལ་སྐུ། མཚོ་སྤྲུལ་འཇམ་དབྱངས་ཐུགས་རྗེ། འགྲོ་མགོན་དཔལ་གྲགས་པ། བླ་མ་སངས་གྲགས། བྱ་བཏང་འཇིག་རྟེན་དབང་ཕྱུག ། ནང་སོ་ངག་གྲགས་པ། དཀའ་ཆེན་བཀྲ་འཕེལ། ཕ་གྲུབ་ཆེན་བསྟན་པ། རྔ་ཆེན་པ་ངག་དབང་དཀོན་གྲགས་པ། ཆོས་རྗེ་བྱམས་ལེགས། དཀའ་ཆེན་དགེ་འདུན། རོང་པ་གྲུབ་ཆེན་བསྟན་རྒྱས། གྲུབ་དབང་མི་ཕམ་བསམ་གྲུབ། ཕ་གྲུབ་མཆོག་ངག་དབང་དོན་གྲུབ། དྲུང་བསོད་ལྷུན། ཅོག་གྲྭ་ཆོས་ལྡན་པད་དཀར། ལྷོ་ཡུལ་བསྟན་འཛིན་འབྲུག་གྲགས་སོགས། རྡོ་རྗེ་རྣལ་འབྱོར་མས། སྒོམ་མེད་རྟོགས་པ་མི་དགུ། མཉམ་རྗེས་འདྲེས་པ་བཞི་བཅུ་རྩ་ལྔ། ཞེས་ལུང་བསྟན་པ་ལྟར་བྱུང་ངོ༌། ། |
{{#arraymap:ཡོངས་འཛིན་དང་པོ་ངག་དབང་བཟང་པོ་
|; |@@@ | | }}