72285

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་འཛིན་དྲུག་པ་ཤེས་བྱ་ཀུན་མཁྱེན་ (1)
Part of speech མིང་ཚིག
Definition བྱམས་མེ་ཆོས་དཔལ་གྱིས་མཛད་པའི་སྒྲུབ་སྤྲུལ་བླ་བརྒྱུད་འཕྲོ་མཐུད་ལས། སྐུ་གོང་མ་མེ་སྤྲེལ་ལོར་གཤེགས་པར་གསུངས་པ་ལ་དཔགས་ན། རབ་བྱུང་བཅུ་བཞི་པའི་མེ་བྱ་ ༡༨༣༧ ལོར་འཁྲུངས་པར་ངེས། རྒྱལ་དབང་ཀར་འབྲུག་ཡབ་སྲས་ཀྱི་ཡོངས་འཛིན་ལྔ་པའི་ཡང་སྲིད་དུ་ངོས་བཟུང་ནས་གདན་སར་ཁྲི་གསོལ་གནང༌། བླ་མའི་གཙོ་བོར་རྒྱལ་དབང་དགུ་པ་བསྟེན་ཅིང༌། རང་ལུགས་ཀྱི་གདམས་སྐོར་རྣམས་གསན། རབ་ཏུ་བྱུང་བའི་མཚན་ནི་དཔལ་ལྡན་འཇིགས་མེད་འཇམ་དཔལ་ཤེས་བྱ་ཀུན་མཁྱེན་མི་ཕམ་ཡེ་ཤེས་སྣང་བའི་སྡེར་གསོལ། ཀརྨ་པ་ཐེག་མཆོག་རྡོ་རྗེ་ལས་དགེ་སློང་གི་དངོས་པོ་བསྒྲུབས། མཚན་ཀརྨ་མི་ཕམ་ཡེ་ཤེས་ཆོས་ཀྱི་རྒྱ་མཚོར་གསོལ། ཆོས་མགོན་བདུན་པ་དང་། ཁམས་སྤྲུལ་ལྔ་པ་སོགས་བསྟེན། ཁུ་ནུ་གྲུབ་ཐོབ་ཨ་ཙ་ར་འཇམ་དབྱངས་རྣམ་རྒྱལ་ལས་སྙན་རྒྱུད་སྐོར་སོགས་འབྲུག་ལུགས་གཙོ་བོར་གྱུར་པའི་དབང་ཁྲིད་ལུང་དཔག་མེད་གསན། ཙ་རི་ཅིག་ཅར་སོགས་དབེན་པར་སྒྲུབ་ལ་གཞོལ་བས་ཐུགས་དམ་བཟང་པོ་འཁྲུངས། ཞེ་བརྒྱད་པ་ཤིང་སྤྲེལ་ ༡༨༨༤ ལོ་ཙམ་ལ་མངའ་རིས་ལ་དྭགས་སུ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། ལ་སྟོད་རྒྱལ་གྱི་ཤྲཱིའི་ཕྱོགས་སུ་ཕེབས་ཏེ། གནས་དགོན་དུ་མར་ཞབས་ཀྱིས་བཅགས། སློབ་མ་མང་པོ་རྗེས་སུ་བཟུང༌། བར་འབྲོག་ཆུ་བཟང་རིན་པོ་ཆེ། སེང་བྲག་རིན་པོ་ཆེ། ནེ་སྟེང་རིན་པོ་ཆེ་རྣམ་པ་གསུམ་ལ་སྟོད་ཀྱི་སྤྲུལ་སྐུ་རྣམ་གསུམ་ཞེས་བསྩལ་བའི་ལོ་རྒྱུས་དང༌། ཁམས་ཕྱོགས་སུ་ཕེབས་ཏེ། ཁམས་སྤྲུལ་དྲུག་པ་སོགས་བླ་སྤྲུལ་མང་པོ་ལ་སྨིན་གྲོལ་གདམས་པས་རྗེས་སུ་བཟུང་བ་དང༌། སྟོད་འབྲུག་སྙན་རྒྱུད་ཀྱི་འདོན་ཆ་སྡིངས་པོ་ཆེའི་པར་མ་ཆ་ཚང་དང༌། གཏུམ་མོའི་ཟིན་བྲིས་ཟབ་དོན་རྒྱ་མཚོའི་སྙིང་པོ། གཏུམ་མོ་ཁོལ་ཕྱུང་གི་ཁྲིད་ཡིག་བཅས་ཁུ་ནུ་གྲུབ་ཆེན་ཡབ་སྲས་ལ་ཆེད་གཉེར་གྱིས་སྤེལ། ནང་ཆེན་ཚེས་བཅུ་སྒར་ནས་ཨ་ལྡེ་རྒྱལ་སྲས་ཀྱི་ཡང་སྲིད་མཆོག་སྤྲུལ་གྱི་གཙུག་ཕུད་བཞེས། ལོ་དེར་ཁམས་སྒར་དུ་ཕེབས། འབྲུག་ལུགས་ཀྱི་དབང་ལུང་ཁྲིད་བཅས་ཟབ་རྒྱས་གནང། རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་རྒྱུན་ཡང་མང་དུ་སྤེལ། ཁམས་སྲས་བསྟན་འཛིན་བསྙེན་པར་རྫོགས། ཤཱཀྱ་ཤྲཱི་ལ་སྦས་པའི་རྣལ་འབྱོར་གྱི་ཆེ་བསྟོད་མཛད། མཚན་ཡང་ཤཱཀྱ་ཤྲཱི་ཞེས་གསོལ། ཆུ་འབྲུག་ལོར་འབྲི་ཆུ་ཤར་རྒྱུད་དུ་བྱོན། གནས་དགོན་དུ་མར་ཞབས་ཀྱིས་བཅགས་ཤིང༌། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་དང་འཇུ་མི་ཕམ་རྣམ་རྒྱལ་སོགས་དང་མཇལ་འཕྲད་དང་ཆོས་འབྲེལ་མཛད། དེ་ལྟར་ནང་ཆེན། སྡེ་དགེ། གོ་འཇོ། ལྷ་ཐོག་སོགས་སུ་ལོ་ངོ་གསུམ་ཙམ་བྱོན་བཞུགས་མཛད་རྗེས། ཆུ་སྦྲུལ་ལོར་སླར་དབུས་ཀྱི་གདན་སར་ཕེབས། དེའི་ཕྱི་ལོར་དགུང་ལོ་ང་བརྒྱད་པ་ཤིང་རྟ་ ༡༨༩༤ ལོའི་ཟླ་བ་བཅུ་པའི་ཚེས་བཅུ་དྲུག་ལ་གསང་སྔགས་ཆོས་གླིང་དུ་སྐུ་གཤེགས་སོ། །ཞལ་སློབ་ནི། ལ་དྭགས་སྟག་ཚང་ལྔ་པ། རྒྱལ་དབང་བཅུ་པ། ཅོག་གྲྭ་སྐུ་ཕྲེང་དྲུག་པ་དང་བདུན་པ་གཉིས། མཐུ་ཆེན་བརྒྱད་པ། ཁམས་སྤྲུལ་དྲུག་པ། བྱམས་མེ་ཆོས་དཔལ་རྒྱ་མཚོ་སོགས་སྟོད་སྨད་བར་གསུམ་ལ་སློབ་ཚོགས་ཤིན་ཏུ་མང༌ངོ་། །