72287

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་འཛིན་བཞི་པ་འཇམ་དཔལ་དཔའ་བོ་ (1)
Part of speech མིང་ཚིག
Definition གཞུང་གནམ་རབ་ཏུ། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་ ༡༧༢༠ ལོར་འཁྲུངས། ཀར་འབྲུག་ཡབ་སྲས་དགོངས་པ་གཅིག་མཐུན་གྱིས་གོང་མའི་མཆོག་སྤྲུལ་འཁྲུལ་བྲལ་དུ་ངོས་བཟུངས། གདན་ས་ཆེན་པོའི་ཆོས་ཀྱི་ཁྲི་ལ་མངའ་གསོལ། བྱར་གསང་སྔགས་ཆོས་གླིང་དུ་དཔལ་འབྲུག་པ་དཀར་བརྒྱུད་ཕྲིན་ལས་ཤིང་རྟའི་སྤྱན་སྔར། ཡོངས་རྫོགས་དགེ་བསྙེན་གྱི་བསླབ་པ་བཞེས། མཚན་ངག་དབང་འཇམ་དཔལ་དཔའ་བོ་དགའ་བའི་ཤེས་རབ་རྡོ་རྗེ་ཉི་མ་ཡེ་ཤེས་སྣང་བའི་གཏེར་གསོལ། གསང་བདག་བཞི་པ་འཇམ་མགོན་དགྱེས་པའི་ཞལ་སྔ་ནས། རིམ་བཞིན་སྡོམ་པ་གསུམ་གྱི་བཀའ་དྲིན་མནོས། སྙིང་པོ་སྐོར་པའི་གདམས་ཟབ་རྒྱ་ཅན་ལྔ་པོས་ཐོག་དྲངས་པའི་སྨིན་གྲོལ་གྱི་རིམ་པ་མཐའ་ཀླས་པ་གསན། ཀརྨ་པ་ཞྭ་དམར་ནག ། སི་ཏུ་པཎ་ཆེན་དྷརྨ་ཀཱ་ར། དཔའ་བོ་གཙུག་ལག་དགའ་བ། ཁམས་རྒྱ་ཚན་བླ་མ་ངག་དབང་མཐར་ཕྱིན། གྲུ་རི་ཆོས་རྒྱལ་རྒྱ་མཚོ་ལ་སོགས་མཚོན། རིས་སུ་མ་ཆད་པའི་མཁས་གྲུབ་ཇི་སྙེད་པ་ཞིག་ལས། མདོ་རྒྱུད་དགོངས་འགྲེལ་རིག་པའི་གནས་དང་བཅས་པ་མ་ལུས་པ་གསན་ཏེ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད། ལྷན་སྐྱེས་བདེ་ཆེན་རྡོ་རྗེ་རིགས་ཀྱི་བདག་པོར་བསྙེན་ནས། ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར། སྙན་བརྒྱུད་ཡིད་བཞིན་ནོར་བུ་སོགས། བརྒྱུད་པ་འདི་ཉིད་ཀྱི་གདམས་པ་ཁྱད་པར་ཅན་རྣམས་ཀྱི་ལག་ལེན་དམར་ཁྲིད་དུ་གསན་ཅིང༌། གདམས་དོན་ཉམས་བཞེས་སྙིང་པོར་མཛད་པས་བདེ་དྲོད་ལ་སོགས་པའི་ཉམས་རྟོགས་འཁྲུངས་ཤིང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་གཟིགས། ལྐོག་གྱུར་མཁྱེན་པའི་མངོན་ཤེས་དང༌། རྡོ་བ་ལ་ཕྱག་ཞབས་ཀྱི་རྗེས། རྩ་གསུམ་ལྷའི་ཞལ་གཟིགས་སོགས་ངོ་མཚར་མང་པོ་མངའ། འཆད་རྩོད་རྩོམ་གསུམ་ལ་དབང་འབྱོར་ཏེ། མཁས་པའི་བྱ་བ་གསུམ་གྱིས་དུས་འདའ་བར་མཛད། ལེགས་བཤད་ཀྱི་གསུང་རྩོམ་ཡང༌། ཕྱག་ཆེན་སྔོན་དངོས། ཆོས་དྲུག ། རྟེན་འབྲེལ་རབས་བདུན། ལམ་ཟབ་བླ་སྒྲུབ་ཐུན་མོང་དང་ཐུན་མིན་གྱི་ཁྲིད་ཡིག ། སྙན་བརྒྱུད་ཡང་འགྲེལ། སྙན་བརྒྱུད་ཀྱི་སྒོམ་དོན་གསལ་བྱེད། བདེ་མཆོག་དྲུག་ཅུ་མའི་བསྐྱེད་རིམ་དོན་གསལ། བཅུ་གསུམ་མའི་བསྙེན་ཡིག་གྲོལ་བ་མཆོག་སྟེར། ལྷན་ཅིག་སྐྱེས་མའི་རྣམ་བཤད་ཟག་མེད་བདེ་སྦྱིན་སོགས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་དུ་མ་མཛད། བལ་བོད་ཀྱི་གནས་ཕལ་ཆེར་ཞབས་ཀྱི་བཅགས། ཁམས་ཕྱོགས་སུའང་ལན་མང་ཕེབས་ཤིང༌། མོས་སྐལ་དང་འཚམས་པའི་སྨིན་གྲོལ་གྱི་གདམས་པ་མང་དུ་གནང་། དགུང་ལོ་རེ་གཅིག་པ་ལྕགས་བྱི ༡༧༨༠ ལོར་གཟུགས་སྐུའི་བཀོད་པ་བསྡུས། །སློབ་མའི་གཙོ་བོ་འབྲུག་ཆེན་བརྒྱད་པ། མཐུ་ཆེན་ལྔ་པ། ཁམས་སྤྲུལ་བཞི་པ་གསུམ་ཡིན། གཞན་ཡང་གྲུབ་དབང་ཀརྨ་ཡན་ལག ། ལ་སྟོད་ཆུ་བཟང་སྤྲུལ་སྐུ་མི་ཕམ་ཡེ་ཤེས་རྒྱ་མཚོ། ལ་དྭགས་རྒྱལ་སྲས་ངག་དབང་རྡོ་རྗེ་འཛིན་པ་སོགས། སྟོད་སྨད་བར་གསུམ་གྱི་འབྲུག་པའི་སློབ་བརྒྱུད་མ་ལུས་པ་དང༌། གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ཕལ་མོ་ཆེས་ཞབས་ལ་བཏུད་ཅིང་ཆོས་ཀྱི་བདུད་རྩི་བཞེས་པའི་སློབ་མར་མ་གྱུར་པ་མེད་དོ། །

{{#arraymap:ཡོངས་འཛིན་བཞི་པ་འཇམ་དཔལ་དཔའ་བོ་

|; |@@@ | | }}