72290
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་ཕྱི་ལོ་ ༡༧༡༣ ལོར་གཙང་སྟོད་སྐྱིད་གྲོང་པད་ཁུད་ནང་པའི་རིགས་སུ་ཡབ་ཚངས་པ་དཀར་པོ་དང་། ཡུམ་ཚེ་རིང་དཔལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་ཐོས་བསམ་གླིང་གི་ཆོས་རྗེ་ཚེ་བརྟན་རྣམ་རྒྱལ་ལ་དབུ་སྐྲའི་གཙུག་ཕུད་ཕུལ། མཚན་ལ་ཨོ་རྒྱན་ཆོས་འཕེལ་ཞེས་གསོལ། བརྒྱད་པར་བཀྲ་ཤིས་ལྷུན་པོའི་དྲུང་རམས་པས་ཆོས་སྤྱོད་ཐུགས་འཛིན་མཛད་དུ་བཅུག བཅུ་པར་བཀྲ་ཤིས་ལྷུན་པོའི་ཆོས་སྒོར་ཞུགས། པཎ་ཆེན་བློ་བཟང་ཡེ་ཤེས་ལས་རབ་ཏུ་བྱུང་། མཚན་ལ་ཡེ་ཤེས་རྒྱལ་མཚན་ཞེས་སྩལ། བཅུ་བདུན་པར་གཞུང་ཆེན་ལྔ་ལ་སློབ་གཉེར་མཛད།ཉི་ཤུ་པར་གྲུབ་དབང་བློ་བཟང་རྣམ་རྒྱལ་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕུར་ལྕོག་བྱམས་པ་རིན་པོ་ཆེ་དང་མཇལ། ཟབ་ཆོས་འགའ་ཞུས། ས་ཕུག་གཅིག་ཏུ་སྲོག་འཚོའི་འཚོ་བར་བཅས་ལོ་གཅིག་བཞུགས། ཉེར་གསུམ་པར་སྐྱིད་གྲོང་དུ་ཕེབས། གྲུབ་དབང་རིན་པོ་ཆེ་གཤེགས་པའི་དགོངས་རྫོགས་བསྒྲུབས། ཉེར་ལྔ་པར་དིང་རིའི་ཕ་དམ་པའི་སྒྲུབ་གནས་མཁའ་འགྲོའི་གསང་ཕུག་ཏུ་མི་ལོ་བཅུ་གཉིས་རིང་སྒོམ་སྒྲུབ་མཛད། ཞེ་བཞི་ནས་རེ་ལྔ་བར་སྐྱིད་གྲོང་བསམ་གཏན་གླིང་དང་། དགའ་ལྡན་ཕུག་པོ་ཆེ། ཆོས་སྡིངས་ཚུལ་ལྡན་གླིང་། བལ་ཡུལ་ཐང་དྷི་ཧ་ར་སོགས་ཀྱི་གཙུག་ལག་ཁང་སོགས་ཉམས་གསོ་མཛད། རེ་གཉིས་པར་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་གྱི་འགན་ཁུར། ཕོ་བྲང་ཆེན་པོ་པོ་ཏ་ལ་ནས་མདོ་སྔགས་མཆོད་པ་ཕུལ། དོན་བདུན་པར་གྲིབ་ཚེ་མཆོག་གླིང་བཏབ། གྱ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ཆུ་གླང་ཕྱི་ལོ་ ༡༧༩༣ ལོར་སྐུ་གཤེགས། གསུང་རྩོམ་ནི་སྐྱེས་རབས་སོ་བཞིའི་དོན་རྣམ་བཤད་ཐེག་ཆེན་གསལ་སྒྲོན་དང་། འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ་བསྟོད་སྤྲིན་སྒྲ་དབྱངས། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཀྱི་རྣམ་བཤད་མཁས་པའི་དགའ་སྟོན། བླ་མ་དམ་པ་མང་པོའི་བསྟོད་ཚོགས། བསླབ་བྱ་དོན་གཉིས་ལྷུན་གྲུབ་། འདུལ་བ་རྒྱ་མཚོའི་རྣམ་བཤད། ཉོན་མོངས་དུག་གསུམ་འདུལ་བའི་མན་ངག་བཅས་པོ་ཏི་བཅུ་དགུ་བཞུགས། མཚན་གཞན། ཨོ་རྒྱན་ཆོས་འཕེལ། |