72292

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་འཛིན་ལྔ་པ་ཡེ་ཤེས་གྲུབ་པ་ (1)
Part of speech མིང་ཚིག
Definition ཀོང་པོ་རྒྱ་ལ་སེང་གཏམ་དུ། བོད་ཆོས་རྒྱལ་གྱི་རྒྱུད་པ་མ་ཉམས་པའི་སྲས་སུ། རབ་བྱུང་བཅུ་གསུམ་པའི་ལྕགས་གླང་ ༡༧༨༡ ལོར་སྐུ་འཁྲུངས། ཀུན་གཟིགས་ཆོས་ཀྱི་སྣང་བ་དང་འཛི་སྒར་རྡོ་རྗེ་དྲག་པོ་ཟུང་དགོངས་པ་རྩེ་མཐུན་གྱིས། འཇམ་དཔལ་དཔའ་བོའི་སྤྲུལ་སྐུར་ངོས་འཛིན་གནང༌། དགུང་གྲངས་དགུར་ཕེབས་པར། རྒྱལ་དབང་བརྒྱད་པས་བཀྲ་ཤིས་མཐོང་སྨོན་དུ་གདན་དྲངས། དེར་རྒྱལ་དབང་མཆོག་ནས་གཙུག་ཕུད་བཞེས་ཏེ། མི་ཕམ་དཀར་བརྒྱུད་བསྟན་པའི་ཉིན་བྱེད། འཇམ་དཔལ་ཡེ་ཤེས་གྲུབ་པ། ཕྲིན་ལས་སྣང་བ་རྒྱས་པའི་སྡེ་ཞེས་མཚན་གསོལ། དགེ་བསྙེན་གྱི་སྡོམ་པ་བསྩལ། འབྲུག་བདེ་ཆེན་ཆོས་འཁོར་གླིང་དུ་ཁྲི་གསོལ་མཛད། ཆོས་མགོན་ལྔ་པ་ལས་ཚེ་བདག་གི་དབང་ཆེན་སོགས། བཀའ་ཆོས་ཅི་ཡང་གསན། བཅུ་དགུར་མཐུ་ཆེན་ཞིང་བརྗེས་དུས། དགོངས་རྫོགས་རྟེན་བཞེངས་སོགས་མཛད་པ་འཕྲོ་བསྐྱངས། ཀུན་གཟིགས་ཆོས་ཀྱི་སྣང་བ་བླ་མར་བསྙེན་ཏེ། རིམ་བཞིན་རབ་བྱུང་དང་བསྙེན་རྫོགས་བསྒྲུབས། མཚན་དཔལ་ལྡན་ཆོས་དབྱིངས་ལྷུན་གྲུབ་བསྩལ། ཤིང་རྟ་གཉིས་ཀྱི་བཀའ་སྲོལ་ལྟར། བྱང་ཆུབ་ཏུ་ཐུགས་བསྐྱེད། དུས་ཀྱི་འཁོར་ལོའི་དབང་ཆེན་དང༌། གསེང་ལམ་བླ་སྒྲུབ། ཕྱག་ཆེན། ཆོས་དྲུག་གི་ཞིབ་ཁྲིད་སོགས། འབྲུག་ལུགས་ཀྱི་སྨིན་གྲོལ་ལུང་གསུམ་གཙོ་བོར་གྱུར་པའི་གསར་རྙིང་གི་ཆོས་ཚུལ་དཔག་མེད་གསན། གར་ཞ་གྲུབ་ཆེན་འཇམ་དབྱངས་རྣམ་རྒྱལ་ལས་བསྲེ་སྙན་གྱི་སྐོར་གསན། ཁམས་སྤྲུལ་ལྔ་པ་འཇའ་ཚོན་པོད་དྲུག་སོགས་དབང་ལུང་དུ་མ་མནོས། ཉེར་གསུམ་ལ་བྲག་དམར་ཆོས་འཁོར་གླིང་དུ་ལོ་དྲུག་ལ། གདམས་པ་ཞུས་པ་རྣམས་གསན་རྐྱང་ཙམ་དུ་མ་ལུས་པར། ཆོས་དྲུག་ཕྱག་ཆེན་སོགས་ལ་ཐུགས་དམ་དང་། ལྷག་པར་རྡོ་རྗེ་གཏུམ་པོའི་བསྙེན་པ་དུང་ཕྱུར་ལྗགས་བཟླས་གནང་བས་ཉམས་རྟོགས་ཁྱད་པར་ཅན་ལ་དབང་ཐོབ། ངོ་མཚར་དག་གཟིགས་ཤིན་ཏུ་མང༌། ཆུ་ཤུལ་ལྕོག་མོ་རི་ཁྲོད་དུ་ལོ་མང་པོར་ཐུགས་དམ་ལ་བཞུགས། མང་ཡུལ་ནས་རྒྱལ་པོ་དོན་གྲུབ་རྣམ་རྒྱལ་གྱིས་གདན་འདྲེན་ཞུས་ངོར། །གདུལ་བྱ་དུས་བབ་ཀྱིས། སོ་གཉིས་ཆུ་སྤྲེལ་ ༡༨༡༢ ལོར། གཙང་བརྒྱུད། རྩིབས་རི་རྒོད་ཚང༌། གཡུ་མཚོ། ཏི་སེ་སོགས་ལ་ཞབས་སྐོར་ཐུགས་སྨོན་གནང་མཐར། རིམ་པས་ལ་དྭགས་སུ་ཕེབས། ལོ་ངོ་གསུམ་ཙམ་བཞུགས་ཤིང༌། གདུལ་བྱ་རྣམས་དམ་པའི་ཆོས་ཀྱིས་ཚིམས་པར་མཛད། རྒྱལ་ཁམས་ཆོས་ལ་བསྒྱུར། སླར་གདན་སར་ཕེབས། གུ་རུའི་དུས་མཆོད་ཚེས་བཅུ་ཆེན་མོའི་མཆོད་རྫས་གསར་བསྐྲུན་དང༌། བྲག་དམར་ཆོས་གླིང་ཞིག་གསོ་སོགས་མཛད། ཆུ་རྟ་ལོར་ཀུན་གཟིགས་འབྲུག་པ་ཞིང་གཤེགས་དགོངས་རྫོགས་རྟེན་བཞེངས་སོགས་ཐུགས་བཞེད་བསྐང་ཕྱིར། བྱ་ཡུལ་དུ་ཕེབས། ཡང་སྤྲུལ་གདན་སར་མ་འཁོད་བར་རྒྱལ་ཚབ་ཏུ་བཞུགས། མཆོག་སྤྲུལ་རྒྱལ་རྩེ་ནུ་མར་སྐུ་འཁྲུངས་རྗེས་གདན་སར་མངའ་གསོལ་ཞུས་ཤིང༌། འབྲུག་པའི་དབང་ལུང་ཐམས་ཅད་བུམ་པ་གང་བྱོར་འབུལ་བར་མཛད། རྒྱལ་དབང་ཀརྨ་པ་སྐུ་གོང་འོག དཔའ་བོ་གཙུག་ལག་ཆོས་རྒྱལ། སི་ཏུ་པདྨ་ཉིན་བྱེད་རྣམས་ལའང་དབང་ལུང་གི་སྐྱེས་འབུལ་རེས་སོགས་མཛད། ང་ལྔ་པ་ཤིང་ལུག་ ༡༨༣༥ ལོར་གཟུགས་སྐུ་བསྡུས། སློབ་མའང༌། རྒྱལ་དབང་དགུ་པ་དང་། མཐུ་ཆེན་དྲུག་པ། རིག་འཛིན་ཆོས་རྒྱལ་རྡོ་རྗེ། ལ་དྭགས་རྒྱལ་སྲས་སོགས་མང་ངོ༌། །

{{#arraymap:ཡོངས་འཛིན་ལྔ་པ་ཡེ་ཤེས་གྲུབ་པ་

|; |@@@ | | }}