72672

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ར་མཉེ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་སྒའི་དབྱིབས་འདྲ་བར་རྩ་རིས་ལྟ་བུའི་གཉེར་མ་འབུར་དུ་དོན་པ་གཅིག་ལ་གཅིག་འབྲེལ་ནས་སྐྱེ་བ་དང༌། སྡོང་པོ་ལྗང་སྨུག་མདངས་ཅན་ཕྲ་ལ་རིང་བ་ལྔ་དྲུག་མཉམ་དུ་འདྲོང་པོར་སྐྱེ་བར་ཚིགས་པའི་རྣམ་པ་དོད་པ། ལོ་མ་སྔོ་ལྗང་ཅུང་ཟད་མཐུག་པར་རལ་གྲིའི་དབྱིབས་འདྲ་བའི་མཐའ་མཉམ་ཞིང་ངར་པ་ཐུང་བ་ཚིགས་མཚམས་སུ་འཁོར་རེར་རིམ་བཞིན་བརྩེགས་ནས་བང་རིམ་དུ་སྐྱེ་བ། མེ་ཏོག་དཀར་པོ་ཆུང་ངུ་དམར་དམངས་ཅུང་ཡོད་པ་ལྔ་དྲུག་ཙམ་འཁོར་སྐྱེས་ལོ་མའི་མཚམས་ནས་ཁ་ཐུར་དུ་འཕྱང་སྟེ་འཆར་ཞིང༌། འབྲས་བུ་ལྗང་སྨུག་ཆེ་ཆུང་སྲན་མ་ཙམ་སྨིན་ཚེ་སྨུག་ནག་ཏུ་འགྲོ་བ་སྟེ། བོད་ཀྱི་ས་ཁུལ་ཕལ་ཆེ་བའི་རི་ཐང་མཚམས་དང༌། བྲག་རྡོའི་གསེབ། ཤིང་མ་ལྡུམ་གྱི་འོག ས་མ་འབྲོག་གི་ཁུལ་སོགས་སུ་སྐྱེ་བ། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་ཕྱི་པགས་དོར་ཏེ་རབ་ཁཎྜ་བཟོ་རྒྱུ་དང༌། དེ་མིན་གཙང་སར་མ་རུལ་བར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ཞིང་བསྐ་ལ་ཁ་བ། ཞུ་རྗེས་མངར་བ། ནུས་པ་ཡང་ལ་སྐམ་ཞིང་མཉེམ་པ་དང་ལྡན་པས་ཚེ་བསྲིང་བ་དང༌། རྒས་ཀ་སྲ་ཞིང་བཅུད་ལེན་པར་བྱེད་ཅིང༌། སྨད་ཀྱི་གྲང་ནད་དང༌། རོ་ཙ། དྲོད་ཉམས་པ་སོགས་ལ་ཕན། དེ་མིན་རྣག་སྐེམ་པ་དང༌། ཡི་ག་འབྱེད་ཅིང་བད་མཁྲིས་སོགས་སེལ་བར་བྱེད་པ་ཡིན།