7276

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གད་རྫོང་དགོན་ (1)
Part of speech མིང་ཚིག
Definition དགོན་འདི་ནི་བོད་ལྗོངས་མངའ་རིས་ཁུལ། ར་རྫོང་མོན་འཚེར་གྲོང་ལྷན། གསར་སླེབས་གྲོང་ཚོ་ནས་སྤྱི་ལེ་གསུམ་ཙམ་ཡར་སོང་ན་སླེབས་ཐུབ། ཐོག་མར་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ཕྱག་བཏབ་པ་ཞིག་ཡིན་པ་མ་ཟད། འགྲོ་སོང་ཡང་འབྲུག་རྒྱལ་པོས་བཏང་བར་གྲགས། ཐོག་མའི་དགོན་པ་ཕྱག་གདབ་ས་ནི་བྲག་རི་ཞིག་གི་གསེབ་ཏུ་ཡོད་ཀྱང་། རྗེས་སུ་ས་དཔྱད་གཟིགས་སྐབས། ས་དཔྱད་མི་ལེགས་པའི་མཚན་མ་མང་དུ་གཟིགས་ནས། ད་ལྟ་གསར་སླེབས་གྲོང་ཚོ་དེའི་ཡར་སྟོད་དུ་གནས་སྤོར་གནང། གྲོང་ཚོ་དེའི་མིང་གསར་སླེབས་ཞེས་པ་ནི། གྲོང་ཚོ་དེའི་མི་རྣམས་འབྲུག་ཡུལ་ནས་གསར་དུ་སླེབས་པའི་མི་ཤ་སྟག་ཡིན་པས་གསར་སླེབས་ཞེས་གྲགས་པ་དང་། དགོན་པའི་མཚན་ལ་གད་རྫོང་དགོན་ཟེར་དོན་ཡང་། གསར་སླེབས་གྲོང་ཚོའི་སྟོད་ཙམ་དུ་ཤིན་ཏུ་མཐོ་བའི་གད་པ་ངོ་མཚར་ཅན། གཟུགས་དབྱིབས་སྣ་ཚོགས་ཀྱི་རང་བྱོན་འབུར་དུ་མངོན་པ་ཞིག་གི་ལྡེབས་སུ་ཆགས་པའི་རྒྱུ་མཚན་གྱིས་དེ་ལྟར་གྲགས། སྐབས་དེར་འདུ་ཁང་ཀ་བ་གཉིས་ཙམ་དང་། དེ་བཞིན་གཟིམ་ཆུང་། མགོན་ཁང་། རུང་ཁང་། གྲྭ་ཤག དེ་མིན་མཚམས་ཁང་ཁག་སོགས་ཚང་མ་གད་པའི་ལྡེབས་སུ་ས་སྦུག་ཁོ་ན་ལས་གྲུབ་པ་ཞིག་ཡིན་པའི་ཤུལ་ད་ལྟའང་མཇལ་རྒྱུ་ཡོད། ནམ་རྒྱུན་གྲྭ་བཙུན་སུམ་ཅུ་སོ་ལྔ་ཙམ་འདུས་ཏེ་སྒྲུབ་པ་ཉམས་ལེན་ལ་བཞུགས། རྗེས་སུ་དགོན་འདིར་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཡང་སྲིད་ངོས་འཛིན་མ་བྱུང་བར་བརྟེན། སྔགས་པ་ཁག་ཕེབས་ཡོད་རུང་། དགོན་པ་ཇེ་ཞན་དང་གྲྭ་པ་ཇེ་ཉུང་ཏུ་སོང་སྟེ། མཐར་གྲྭ་ཚད་ཀྱང་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་སུ་གྱུར། རྒྱ་དམར་གྱི་གསར་བརྗེའི་གཏོར་སྐྱོན་མ་བྱུང་གི་བར་འབྲུག་ཡུལ་གྱི་ཁོངས་གཏོགས་ཤིག་ཡིན་པ་དང་། འབྲུག་སྐལ་བཟང་སྒྲོལ་མའི་ཁྱིམ་བརྒྱུད་ནས་ཡིན་པའི་རབ་རྒྱས། དབང་རྒྱལ། སེང་གེ། དོན་གྲུབ། གུ་རུ། ཚེ་རྒྱམ་ལགས་བཅས་རེས་མོས་ཀྱིས་གཉེར་པ་མཛད་ཡོད། དོན་གྲུབ་ལགས་ནི་རྗེས་སུ་སྤུ་ཧྲེང་རྫོང་དང་། མང་ཚོགས་ཀྱིས་མཉམ་དུ་སྐུ་བཀྲོངས། འགན་འཁུར་བའམ། སྐལ་བཟང་སྒྲོལ་མའི་ཕ་རྒན་ལོ་གསུམ་བཙོན་དུ་བཅུག་སྟེ་དགོན་པ་སྒོ་བརྒྱབ། ལོ་གསུམ་མཚམས་ནས་རྒྱ་དཔོན་ལིའུ་ཧྲུའུ་ཅིས་དགོན་འདི་འབྲུག་ཡུལ་གྱི་ཁོངས་གཏོགས་ཡིན་ཞེས་སྒོ་ཕྱེས། ཡང་ཕྱི་ལོ་ ༡༩༧༡ ལོར་རྒྱ་དམར་སྲིད་གཞུང་ནས་སྒོ་བརྒྱབས་པར་བརྟེན། ཡུལ་དེ་གའི་མི་རྣམས་ཀྱིས་རྟེན་གསུམ། དངོས་པོ་རྣམས་གང་ཐོབ་དང་། གཏོར་བརླགས་གཏོང་བ་སོགས་བྱས་ཏེ་དགོན་དེ་མིང་ལྷག་ཙམ་དུ་གྱུར། དེང་སྐབས་དགོན་ཤུལ་ལས་མེད་དོ། །