72833

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རགས་བཀྲམ་དགོན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ས་འབྲུག་ལོར་ ༡༦༨༨ ཀཿཐོག་གསེར་ཁྲི་ལྔའི་ཡ་གྱལ་ཕྱག་ཚ་ཀུན་བཟང་ངེས་དོན་དབང་པོས་ཕྱག་བཏབ་པ་ཡིན་ཞེས་ངག་རྒྱུན་མང་དུ་མཆིས་ཀྱང་། ཡོངས་གྲགས་སུ་གྲུབ་པའི་དབང་ཕྱུག་ཆེན་པོ་མངའ་བདག་ཉང་གི་གདུང་རྒྱུད་གླང་བཞག་ཨུ་རྒྱན་ལྷུན་གྲུབ་ཀྱིས་བཏབ་པར་ངེས། ཁོང་གིས་གྲུབ་བརྙེས་ཆོས་དབང་རྒྱ་མཚོ་དང་རྣལ་འབྱོར་ཨུ་རྒྱན་བསྟན་འཛིན། གྲུབ་དབང་ནམ་མཁའ་རྒྱ་མཚོ་སོགས་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་གསན་བསམ་མཐར་ཕྱིན་པར་གནང་། རབ་བྱུང་བཅུ་གཉིས་པའི་ས་ཕོ་འབྲུག་ལོར་ ༡༦༨༨ རགས་བཀྲམ་བྱམས་པ་གླིང་གི་འདུ་ཁང་བཞེངས། གདན་རབས་རིན་བྱོན་ནི། གཞི་ཆེན་ཐེག་མཆོག་བསྟན་འཛིན་དང་བླ་མ་གསང་བདག་གཉིས་ཀྱི་རྗེས་སུ་སྐྱབས་མགོན་བསོད་ནམས་དཔལ་ལྡན་ནམ་རིག་འཛིན་འཇམ་དཔལ་རྡོ་རྗེ་གདན་སར་བྱོན། སྐྱབས་རྗེ་དམ་པ་དེ་ཉིད་ཀྱིས་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཆོས་སྐོར་ལས། བཀའ་བརྒྱད་ཁྲོ་བོ་རོལ་བའི་སྒྲུབ་མཆོད་དབྱངས་རོལ་རྟ་བཅས་དག་སྣང་མར་གྲགས་པའི་བདུན་སྒྲུབ་དང་། མཆོག་གཏེར་གུ་རུ་ཆོས་ཀྱི་དབང་ཕྱུག་གི་བླ་མ་གསང་འདུས་ལྟར་དམར་འཆམ་དང་སྦྲགས་པའི་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་བྱོན་ཡང་ཟབ་བླ་མ་པདྨ་འོད་འབར་གྱི་གཞུང་བསྲིང་ནས། ཚེས་བཅུ་དུས་དྲན་ཆེན་མ་གར་ཐིག་དབྱངས་སོགས་རྒྱས་སྤྲོས་ཀྱི་དགུ་སྒྲུབ་ཆེན་མོ་དེ་དག་རྒྱུད་དང་མཐུན་ཞིང་གྲུབ་ཆེན་གྱི་ཕྱག་བཞེས་རྣམ་པར་དག་པའི་རྒྱུན་བཙུགས། དེ་ནས་རིམ་བཞིན་ཨུ་རྒྱན་ནོར་བུ་དང་གུ་རུ་བསྟན་འཛིན། མངའ་བདག་དཔལ་མགོན་བཀྲ་ཤིས། གཞི་ཆེན་ཡིད་བཞིན་དབང་རྒྱལ། གཞི་ཆེན་སྤྲུལ་སྐུ་མི་འགྱུར་ཚེ་དབང་ནོར་བུ། བཻ་རོ་མི་འགྱུར་ཡེ་ཤེས་རྡོ་རྗེ་སོགས་བྱོན་ནས་བསྐྱངས། མཆོག་སྤྲུལ་བསོད་ནམས་དོན་གསལ་གྱིས་རགས་བཀྲམ་བྱམས་པ་གླིང་གི་གཙུག་ལག་ཁང་རྒྱ་བསྐྱེད་གནང་བ་དང་བཤད་གྲྭ་དང་སྒྲུབ་སྡེ་སོ་སོར་བཙུགས། དུས་འགྱུར་རྗེས་མཁན་རིན་པོ་ཆེ་ལེགས་བཤད་རྒྱ་མཚོས་རགས་བཀྲམ་བྱམས་པ་གླིང་གི་བཤད་དང་སྒྲུབ་པའི་བསྟན་པ་ལ་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་བྱས་ཏེ་གདན་རབས་གོང་མའི་ཕྱག་སྲོལ་མ་ལུས་པར་བསླབ་པ་གསུམ་གྱི་ཉམས་ལེན་དང་སྡེ་སྣོད་གསུམ་གྱི་འཆད་ཉན་བཙུགས་ནས་གཙུག་ལག་ཁང་བཤད་གྲྭ་ཁང་སོགས་བཞེངས། བོད་ཟླ་དང་པོའི་ནང་བསང་བརྔན་ཆེན་མོ་དང་། ནང་བསྐྱེད་རྫོགས་དང་འབྲེལ་བའི་བཀའ་བརྒྱད་ཁྲོ་བོ་རོལ་བའི་སྒྲུབ་མཆོད་འོག་མིན་ཚོགས་ཆེན་འདུས་པའི་རྩ་འཆམ་དང་སྦྲགས་པའི་ཚེས་བཅུ་དུས་དྲན་ཆེན་མོ་ཟླ་གཅིག་གི་རིང་འཚོགས་རྒྱུ་དང་། སྤྱོད་འཇུག་མཆོད་པ་སོགས་ཡོད། གཞན་ཡང་རྡོར་སེམས་ལོ་སྒྲུབ་དང་མ་ཎི་ཟླ་སྒྲུབ། གསོལ་ཀ་རྒྱུན་འདོན་སོགས་འདོན་འགྲིག་དང་ཕྱག་རྒྱ་ལག་འགྲིག་གི་དུས་མཆོད་མང་དུ་མཆིས་སོ། །

{{#arraymap:རགས་བཀྲམ་དགོན་

|; |@@@ | | }}