72867

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་གཞན་གྱི་ལྟུང་བ་དག་པར་བྱ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་རྣམས་ཀྱིས་ལྟུང་བ་བཤགས་བསྡམ་བྱིན་གྱིས་བརླབ་པ་ཅི་རིགས་ཀྱི་སྒོ་ནས་རང་གཞན་གྱི་རྒྱུད་ཀྱི་ལྟུང་བ་རྣམས་དག་པར་བྱེད་པ་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་རང་གཞན་གྱི་ལྟུང་བ་དག་པར་བྱ་ཚུལ་ཡོད་དེ། དགེ་སློང་རྣམས་གསོ་སྦྱོང་ལ་འཇུག་པའི་ཚེ་ལྟུང་བ་བཤགས་པར་འོས་པ་རྣམས་བཤགས། བསྡམ་པར་འོས་པ་རྣམས་བསྡམས། བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་བརླབས་པའི་སྒོ་ནས་དེ་ལ་འཇུག་པའི་ཕྱིར། བྱིན་གྱིས་བརླབ་པར་འོས་པའི་ལྟུང་བ་ནི། ལྷག་མ་དང་སྤང་ལྟུང་དང་ལྟུང་བྱེད་འབའ་ཞིག་པ་མན་ཆད་དགེ་འདུན་ལ་ཐུན་མོང་དུ་ཡོད་པ་རྣམས་ཡིན་གྱི། ལྟུང་བྱེད་འབའ་ཞིག་པ་མན་ཆད་ཀྱིས་བསྡུས་པའི་ལྟུང་བ་དགེ་འདུན་ལ་ཐུན་མོང་དུ་མེད་པར་ལྟུང་བ་དེས་དག་པའི་དགེ་སློང་ཡོད་ན་བྱིན་གྱིས་བརླབ་པར་བྱ་བ་མ་ཡིན་ཏེ། བཤགས་ཡུལ་ཡོད་པས་བྱིན་བརླབས་མི་ཆགས་པའི་ཕྱིར། བྱིན་བརླབས་བྱེད་པའི་ཚུལ་ནི་གང་ཟག་གིས་ནི་དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུ་སྔགས་ཚིག་ལན་གསུམ་བརྗོད་པའི་སྒོ་ནས་བྱིན་གྱིས་བརླབ་ཅིང་། དགེ་འདུན་གྱི་དབུས་སུ་གསོལ་བ་འབའ་ཞིག་པའི་ལས་བརྗོད་པའི་སྒོ་ནས་བྱིན་གྱིས་རློབ་བོ། །བྱིན་གྱིས་བརླབ་པས་དག་པར་གསུངས་པ་ནི། ལས་ལ་མི་སྒྲིབ་པས་དེ་ལྟར་གསུངས་ཀྱི་རྩ་བ་ནས་དག་པ་མ་ཡིན་ཏེ། སླད་ཀྱི་དགེ་སློང་གི་མདུན་དུ་ལྟུང་བ་ཆོས་བཞིན་དུ་སླར་བཤགས་པར་གསུངས་པས་སོ། །ཞེས་གསུངས།
Domain ཆོས་ལུགས།