72895

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་གི་སྣང་བ་ལ་ཚད་མ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། གཉིས་སྣང་ཅན་གྱི་ཤེས་པ་དེ་དང་དེས་རང་གི་སྣང་བ་ངེས་པའི་ངེས་ཤེས་དེ་ཉིད་ཚད་མ་གཞན་ལ་མ་བལྟོས་པར་རང་སྟོབས་ཀྱིས་འདྲེན་པ་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། གཉིས་སྣང་ཅན་གྱི་ཤེས་པ་ཡིན་ན་རང་གི་སྣང་བ་ལ་མངོན་སུམ་ཚད་མ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་རང་གི་སྣང་བ་དེ་ལ་བལྟོས་ཏེ་རང་ཡུལ་ལ་མི་སླུ་བའི་ཁྱབ། ཤེས་པ་དེའི་ཡུལ་མངོན་སུམ་པ་ཡིན་ན། ཤེས་པ་དེའི་ཡུལ་མངོན་གྱུར་བ་ཡིན་པས་ཁྱབ་པ་གང་ཞིག རང་གི་རྟེན་རྟགས་ཡང་དག་ལ་མ་བརྟེན་པར་རང་གི་ཡུལ་གྱི་གཙོ་བོ་མངོན་གྱུར་བ་ལ་མི་སླུ་བའི་རིག་པ། མངོན་སུམ་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། དེས་ན། ཟླ་གཅིག་ཟླ་གཉིས་སུ་སྣང་བའི་དབང་ཤེས་ལ་སོགས་པའི་རྟོག་མེད་ལོག་ཤེས་རྣམས་དང༌། སྒྲ་རྟག་འཛིན་རྟོག་པ་ལ་སོགས་པའི་རྟོག་པ་ལོག་ཤེས་རྣམས་ཀྱང་རང་གི་སྣང་བ་ལ་མངོན་སུམ་ཚད་མ་ཡིན་ཏེ། སྣང་བ་དེ་ལ་བལྟོས་ཏེ་ཡུལ་མངོན་གྱུར་བ་ལ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར། དེ་དག་སྣང་བ་དེ་ལ་མི་སླུ་བའི་རིག་པ་ཡིན་ཏེ། ཤེས་པ་དེས་སྣང་བ་དེ་དང་ཡུལ་ཅན་དེ་ཉིད་ངེས་པའི་ངེས་ཤེས་ཚད་མ་གཞན་ལ་མ་བལྟོས་པར་རང་སྟོབས་ཀྱིས་འདྲེན་པའི་ཕྱིར། དེ་དག་རང་གི་སྣང་བ་ལ་ཚད་མ་ཡིན་ཀྱང་ཚད་མ་མ་ཡིན་ཏེ། རང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོ་ལ་ཚད་མ་མ་ཡིན་པའི་ཕྱིར། དེར་ཐལ། ཟླ་གཅིག་ཟླ་བ་གཉིས་ཡིན་པ་དང༌། སྒྲ་རྟག་པ་ཡིན་པ་ལ་ཚད་མ་མ་ཡིན་པའི་ཕྱིར། རང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོ་ལ་ཚད་མ་མ་ཡིན་ན་ཚད་མ་མ་ཡིན་པས་ཁྱབ་སྟེ།
Example མདོ་སྡེ་པས་ལོག་ཤེས་ཡིན་མ་ཡིན་གྱི་ཁྱད་པར། ཡུལ་གྱི་གཙོ་བོ་ལ་ལོག་ཤེས་ཡིན་མ་ཡིན་གྱི་སྒོ་ནས་འཇོག་པ་ཡིན་གྱི། སྣང་བ་ཙམ་ལ་ལོག་ཤེས་ཡིན་མིན་གྱི་སྒོ་ནས་ལོག་ཤེས་ཡིན་མིན་དུ་མི་འཇོག་པ་ལྟ་བུ་ཡིན་པའི་ཕྱིར། ཞེས་དང་། རྟོག་མེད་ལོག་ཤེས་རྣམས་རང་གི་སྣང་བ་ལ་ཚད་མ་ཡིན་ཀྱང་ཚད་མ་མ་ཡིན་ཏེ། ལོག་ཤེས་ཡིན་མིན་གྱི་ཁྱད་པར་ཡུལ་གྱི་གཙོ་བོ་ལ་ལོག་ཤེས་ཡིན་མིན་གྱི་སྒོ་ནས་འཇོག་པ་དེ་བཞིན་དུ། ཚད་མ་ཡིན་མིན་གྱི་ཁྱད་པར་ཡང་རང་གི་ཡུལ་གྱི་གཙོ་བོ་ལ་ཚད་མ་ཡིན་མིན་གྱི་སྒོ་ནས་འཇོག་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།