From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རང་དོན་སྐབས་ཀྱི་རྟགས་ཡང་དག་ (1)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད་ནི། སྔར་རྒོལ་གྱིས་ཕྱིར་རྒོལ་གྱི་ངོར་མ་བཀོད་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས།
|
| Example
|
དུ་བ་གློ་བུར་བའི་རྟགས་ལས་དེ་མ་ཐག་ཏུ་མེ་ཡོད་པར་རྟོགས་པའི་རྗེས་དཔག་སྐྱེས་པའི་ཚེ་དུ་བ་ལྟ་བུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
|
| Domain
|
ཚད་མ།
|
རང་དོན་སྐབས་ཀྱི་རྟགས་ཡང་དག་ (2)
| Part of speech
|
མིང་ཚིག
|
| Definition
|
གང་ཟག་གཞན་གྱིས་སྒྲུབ་བྱེད་བཀོད་པ་ལ་མི་ལྟོས་པར་རང་ཉིད་ཀྱིས་རྒྱུ་མཚན་བསམ་བློ་བཏང་བ་ལ་བརྟེན་ནས་རང་ཉིད་ལ་རྟགས་ཡང་དག་ཏུ་སོང་བ་ཞིག་ལ་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཀྱང་ཡིན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་མེད་པ་ཡང་ཡིན་པའི་གཞི་མཐུན་པ་དེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རང་དོན་སྐབས་ཀྱི་རྟགས་ཡང་དག་ཡིན་པའི་མཚན་ཉིད། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རང་དོན་སྐབས་ཀྱི་རྟགས་ཡང་དག་ཏུ་སོང་བའི་གང་ཟག་གི་ངོར། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རང་དོན་སྐབས་ཀྱི་རྟགས་ཡང་དག་ཡིན། ཞེས་གསུངས་པའི་ཕྱིར་དང། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་རྟགས་རིགས་ཟུར་རྒྱན་བློ་གསལ་གཞོན་ནུའི་ཡིད་འཕྲོག་དགའ་སྟེར་ལས། རང་དོན་སྐབས་ཀྱི་རྟགས་ཡང་དག་ཡོད་པར་ཐལ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རང་དོན་སྐབས་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར་ཏེ། རང་གིས་རང་ཉིད་ལ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་གང་ཟག་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། རི་མཐོན་པོ་ཞིག་གི་རྩེར་བསང་གཏོང་བར་འགྲོ་བའི་ཚེ་མེ་ཁྱེར་བ་བརྗེད་དེ་རིའི་སྐེད་པ་ཙམ་དུ་སླེབ་པ་ན་མེ་མ་ཁྱེར་བ་ཤེས་པ་ལས། ཡ་གི་ན་མེ་ཡོད་དམ་མེད་སྙམ་དུ་དོགས་པ་ན་རི་མགོ་དེ་ནས་གློ་བུར་དུ་དུ་བ་སྔོ་ཕྱུར་རེ་འགྲོ་བ་མཐོང་བ་ལས། ཡ་གི་ན་དུ་བ་འདུག་པས་མེ་ཡོད་པར་འདུག་སྙམ་དུ་རང་གིས་རང་ཉིད་ལ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་གང་ཟག་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
|