73219

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་རྒྱལ་གྱི་ཁྱད་ཆོས་དྲུག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱལ་གྱི་ཡེ་ཤེས་དེ་ཉིད་ཉན་ཐོས་ཀྱི་ཡེ་ཤེས་ལས་ཁྱད་ཆོས་དྲུག་གི་སྒོ་ནས་ཁྱད་པར་དུ་འཕགས་པ་ལ་རང་རྒྱལ་གྱི་ཁྱད་ཆོས་དྲུག་ཏུ་འཇོག། ཁྱད་ཆོས་དྲུག་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དེ་ལྟ་ན་རང་རྒྱལ་གྱི་ཡེ་ཤེས་ཉན་ཐོས་ཀྱི་ཡེ་ཤེས་ལས་ཁྱད་པར་འཕགས་པ་ཡིན་ཏེ། རིགས་དང་ལམ་བགྲོད་ཚུལ་དང་འབྲས་བུ་མངོན་དུ་བྱེད་ཚུལ་དང་ཚོགས་གསོག་པ་དང་གནས་པ་དང་རྒྱུ་བ་སྟེ། ཁྱད་ཆོས་དྲུག་གི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཕྱིར། ཞེས་དང། དང་པོ་གྲུབ་སྟེ། རང་རྒྱལ་ཉན་ཐོས་ལ་ལྟོས་ན་ཉོན་མོངས་ཤས་ཆུང་བས་འདུ་འཛི་ལ་མི་དགའ་ཞིང་དབེན་པ་གཅིག་པུར་གནས་པའི་ཁྱད་པར་དང། བྱང་སེམས་ལ་ལྟོས་ན་སྙིང་རྗེ་ཆུང་བས་གཞན་དོན་རྒྱ་ཆེན་པོ་མི་འགྲུབ་ཅིང་ང་རྒྱལ་ཤས་ཆེ་བས་སྲིད་པ་ཐ་མའི་ཚེ་གཞན་གྱིས་བསྟན་པ་ལ་མི་ལྟོས་པར་རང་བྱུང་གི་ཡེ་ཤེས་མངོན་དུ་བྱེད་པའི་ཁྱད་པར་དང་ལྡན་པའི་ཕྱིར། གཉིས་པ་གྲུབ་སྟེ། རང་རྒྱལ་ཁ་ཅིག་ཚོགས་ལམ་གྱི་སྐབས་སུ་བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱས་ཏེ། རྒྱུད་སྨིན་པར་བྱེད་ཅིང་རང་རྒྱལ་གྱི་བྱང་ཆུབ་ཐོབ་པའི་ཕྱིར་དུ་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱས་ནས་སྦྱོར་ལམ་བསྐྱེད་པ་སློབ་དཔོན་ལ་མི་ལྟོས་པའི་ཁྱད་པར་དང། གསུམ་པ་གྲུབ་སྟེ། རང་རྒྱལ་སྔ་མས་སྐྱེ་བ་གཅིག་ཐོགས་ཀྱི་ཚེ་འཆི་ཁར་སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་ཁམས་སྟོང་པར་སྐྱེ་བར་གྱུར་ཅིག ། སྲིད་པ་ཐ་མའི་ཚེ་གཞན་གྱིས་བསྟན་པ་ལ་མི་ལྟོས་པར་རང་གི་བྱང་ཆུབ་མངོན་དུ་བྱེད་པར་གྱུར་ཅིག ། སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་གདུལ་བྱ་ལ་ཆོས་སྟོན་པར་འགྱུར་ཅིག ། ཅེས་སྨོན་ལམ་གསུམ་བཏབ་པའི་སྐྱེ་བ་ཕྱི་མ་སྲིད་པ་ཐ་མའི་ཚེ། གླིང་གསུམ་གྱི་སྐྱེས་པ་བུད་མེད་གང་རུང་དམངས་རིགས་མིན་པ་ཞིག་ཏུ་སྐྱེས་ཏེ། སྦྱོར་ལམ་དྲོད་ཡན་ཆད་རང་རྒྱུད་ལ་བསྐྱེད་ནས་ཚེ་དེ་ཉིད་ལ་རང་བྱུང་གི་ཡེ་ཤེས་མངོན་དུ་བྱེད་པའི་ཁྱད་པར་དང་ལྡན་པའི་ཕྱིར། བཞི་པ་གྲུབ་སྟེ། མཛོད་ལས། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་འབྱུང་བ་ལྟར། བསེ་རུ་ལྟ་བུའི་རང་རྒྱལ་ཚོགས་ལམ་པས་བསྐལ་པ་བརྒྱར་ཚོགས་བསོག་པར་བྱེད་པ་དང། གསེར་འཕྲེང་ལྟར་ན། ཕྱི་མ་གཉིས་ཀྱང་བསེ་རུ་ལྟ་བུ་དང་འདྲ་ཞིང། རྣམ་བཤད་ལྟར་ན། ཕྱི་མ་གཉིས་དུས་ངེས་པ་མེད་པར་ཚོགས་བསོགས་པར་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། ལྔ་པ་གྲུབ་སྟེ། ཐུགས་ཀྱི་གནས་པ་རང་རྒྱལ་གསུམ་ཀ་ཆོས་ཟབ་མོ་ལ་མོས་པ་དང། རྟེན་འབྲེལ་ཟབ་མོ་ལ་སོ་སོར་རྟོག་པ་ལྷུར་ལེན་པ་དང། རྣམ་ཐར་སྒོ་གསུམ་གྱི་ཡིད་བྱེད་ཀྱི་གནས་པ་དང། སྐུའི་གནས་པ་བསེ་རུ་ལྟ་བུའི་རང་སངས་རྒྱས་ནི་གཅིག་པུ་ལ་དགའ་ཞིང་གཅིག་པུར་གནས་པ་དང། ཕྱི་མ་གཉིས་ཚོགས་དང་ལྷན་ཅིག་གནས་པའི་ཕྱིར། དྲུག་པ་གྲུབ་སྟེ། རང་རྒྱལ་གསུམ་ཀ་གྲོང་ངམ་གྲོང་རྡལ་གང་དུ་བརྟེན་ཅིང་གནས་ཀྱང་རུང་ལུས་ཤིན་ཏུ་བསྲུང་བ་དང། དབང་པོ་རྣམས་ཤིན་ཏུ་བསྡམས་པ་དང། དྲན་པ་ལ་ཤིན་ཏུ་གནས་པའི་གྲོང་ལ་སོགས་པར་བསོད་སྙོམས་ལ་འཇུག་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རང་རྒྱལ་གྱི་ཁྱད་ཆོས་དྲུག་

|; |@@@ | | }}