73342

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་སྣང་ཆོས་སྐུ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གཞུང་ལུགས་འགའ་ཞིག་ལས། སངས་རྒྱས་ཀྱི་སྐུ་ལ་གསུམ་དུ་གསུངས་པ་དང། འགའ་ཞིག་ལས་གཟུགས་སྐུ་གཉིས་སྐུ་བཏགས་པ་བར་གསུངས་པས་ཇི་ལྟར་བྱ་སྙམ་ན། གནད་ཀྱི་དོན་འདི་ཡིན་ཏེ། སངས་རྒྱས་རང་སྣང་ལ་དབྱིངས་དང་ཡེ་ཤེས་རོ་གཅིག་པའི་ཆོས་ཀྱི་སྐུ་གཅིག་པུར་གནས་ཏེ། རང་སྣང་ལ་ཤེས་བྱ་ཐམས་ཅད་དབྱིངས་དང་ཡེ་ཤེས་རོ་གཅིག་པའི་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །འདི་ལ་དགོངས་ནས་གསེར་འོད་དུ། སྐུ་གཞན་གཉིས་བཏགས་པ་བར་གསུངས་ཤིང། ཡང་དེ་ཉིད་ལས། སྐུ་གཉིས་ལ་ནི་མྱ་ངན་ལས་འདས་པ་ཞེས་མི་བྱ་སྟེ། ཆོས་ཀྱི་སྐུ་ལས་གཞན་པའི་སངས་རྒྱས་མེད་པའི་ཕྱིར་རོ། །ཅིིའི་ཕྱིར། སྐུ་གཉིས་པོ་མྱ་ངན་ལས་འདས་པ་ཞེས་མི་བྱ་ཞེ་ན། སྐུ་དེ་གཉིས་ནི་ཡང་དག་པ་མ་ཡིན་པ་བཏགས་པ་ཙམ་པས་སྐད་ཅིག་དུ་སྐྱེ་ཞིང་འགག་པ་རྟག་པར་མི་གནས་པ་ཞེས་གསུངས་པ་དང། རྡོ་རྗེ་གཅོད་པར། གང་དག་ང་ལ་གཟུགས་སུ་མཐོང། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་ཡི། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །ཞེས་གསུངས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། སངས་རྒྱས་ཀྱི་སྐུ་ཐམས་ཅད་སངས་རྒྱས་རང་སྣང་ལ་ཆོས་སྐུ་ཁོ་ན་ཡིན་ཏེ། སངས་རྒྱས་རང་སྣང་ལ་ཆོས་སྐུ་འབའ་ཞིག་ལས་འཇིག་ཚོགས་ཀྱི་སྐུ་མ་དམིགས་པའི་ཕྱིར། དེ་སྐད་དུ་གསེར་འོད་དམ་པར། ཆོས་ཀྱི་དེ་བཞིན་ཉིད་དང། རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ན་སངས་རྒྱས་རྣམས་ཀྱི་ཆོས་གང་ཡང་མེད་པའི་ཕྱིར་རོ། །ཞེས་དང། གཞན་དོན་མོས་པ་ཆུང་འབྲིང་གི་མདོར། དགེ་སློང་དག་ང་ལ་ནི་འཇིག་ཚོགས་ཀྱི་སྐུར་མ་ལྟ་བར་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་ལྟོས་ཤིག། ཞེས་དང། རྡོ་རྗེ་གཅོད་པར། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་ཡི། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །ཞེས་གསུངས་པ་ཡིན་ནོ། །འོ་ན་གཟུགས་སྐུ་སངས་རྒྱས་ཀྱི་སྐུ་མ་ཡིན་ནམ་ཞེ་ན། སངས་རྒྱས་ཀྱི་སྐུ་ཡིན་ཏེ། སྦྱོར་བཞི་སྒོམ་པའི་རྣམ་སྨིན་ཡིན་པས་འབྲས་བུ་ཆོས་སྐུ་ཡིན་པའི་ཕྱིར། འོན་ཀྱང་སངས་རྒྱས་རང་སྣང་ལ་ཆོས་སྐུ་ཉག་གཅིག་ལས་གཟུགས་སྐུ་མ་ཡིན་པ་ལ་དགོངས་ནས་སྔར་གྱི་ལུང་དེ་རྣམས་གསུངས་པ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།