73348
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། རང་སྤྲོ་བ་མཐོལ་བཤགས་ཀྱི་སྒོ་ནས་ཕྱིར་བཅོས་པ་ནི་དངོས་སུ་ལྟུང་བ་དག་པར་འགྱུར་བ་དང་། བརྒྱུད་ནས་ཚུལ་ཁྲིམས་རྣམ་པར་དག་པའི་ཕན་ཡོན་བཅུ་ཐོབ་པའི་ཆེད་ཡིན་པའི་ཕྱིར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་རང་སྤྲོ་བ་མཐོལ་བཤགས་ཀྱི་སྒོ་ནས་ཕྱིར་བཅོས་པའི་ཚུལ་ནི། མདོར། ལྟུང་བ་བཅབ་པར་མི་བྱའོ། །ཐ་ན་མིང་གོ་བར་བྱ་བ་ཉིད་དོ། །ཉེས་བྱས་ནི་གང་ཡང་རུང་བས་སོ་ཞེས་སོགས་གསུངས། མདོ་དོན་བཤད་དུ་ཡོད་དེ། ལྟུང་བ་ཕྱིར་བཅོས་པའི་དགོས་པ་དང་། ལྟུང་བ་ཕྱིར་བཅོས་བྱ་ཚུལ་གྱི་བསྡུས་དོན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། དངོས་སུ་ལྟུང་བ་དག་པར་འགྱུར་བ་དང་། རྒྱུད་ནས་ཚུལ་ཁྲིམས་རྣམ་པར་དག་པའི་ཕན་ཡོན་བཅུ་ཐོབ་པའི་ཆེད་ཡིན་པའི་ཕྱིར། འོ་ན། ལྟུང་བ་མིང་རིགས་ཀྱིས་སྒོ་ནས་ཕྱིར་བཅོས་ཚུལ་བཞིན་དུ་བྱས་པས་དག་པའི་དོན་གང་ཞེ་ན། འདི་ལ་ཁ་ཅིག ། ལྟུང་བའི་འཕེལ་ཁ་རྒྱུན་ཆད་པར་འགྱུར་བ་ཙམ་ཡིན་གྱི། ངོ་བོ་དག་པར་འགྱུར་བ་མ་ཡིན་ཏེ། བཤགས་པ་བྱས་པའི་ལྟུང་བས་རྣམ་སྨིན་འབྱིན་པ་ཡོད་པར་ལུང་ལས་གསུངས་པའི་ཕྱིར་ཞེ་ན། འོ་ན་ལྟུང་བ་དེ་འཐོལ་བ་ལས་ལོགས་སུ་མིང་རིགས་ཀྱི་སྒོ་ནས་ཕྱིར་བཅོས་བྱས་པ་ལ་དགོས་པ་མེད་པར་ཐལ། དེ་ལྟར་བྱས་པས་ལྟུང་བའི་འཕེལ་ཁ་རྒྱུན་ཆད་པར་འགྱུར་བ་ཙམ་ཡིན་པ་གང་ཞིག ། ལྟུང་བ་མཐོལ་བས་ཀྱང་དེ་ལྟར་དུ་འགྱུར་བའི་ཕྱིར། གཞན་ཡང་། མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་ལྡང་ངོ་ཞེས་གསུངས་པ་མི་འཐད་པར་ཐལ། སྔར་གྱི་དམ་བཅའ་དེ་འཐད་པའི་ཕྱིར། ལུང་ལས་དེ་ལྟར་གསུངས་ན། དེའི་ངོ་བོ་མི་འདག་པས་མ་ཁྱབ་པར་ཐལ། ལུང་ལས་དེ་ལྟར་གསུངས་པ་དེ། ལྟུང་བ་མིང་རིགས་ཀྱི་སྒོ་ནས་ཕྱིར་བཅོས་ཚུལ་བཞིན་དུ་མ་བྱས་པའི་དབང་དུ་མཛད་པའི་ཕྱིར། ཁོ་ན་རེ། དེའི་དོན་ཡོད་དེ། ལྟུང་བ་བཤགས་པས་ལས་ལ་སྒྲིབ་པའི་ཆ་དག་པར་འགྱུར་བ་དེའི་དོན་ཡིན་པའི་ཕྱིར་ཞེ་ན། ལྟུང་བ་བྱིན་གྱིས་བརླབས་པ་ལས་ལོགས་སུ་མིང་རིགས་ཀྱི་སྒོ་ནས་ཕྱིར་བཅོས་བྱས་པ་ལ་དགོས་པ་མེད་པར་ཐལ། དམ་བཅའ་འཐད་པ་གང་ཞིག ། ལྟུང་བ་བྱིན་གྱིས་བརླབས་པས་ཀྱང་ལས་ལ་སྒྲིབ་པའི་ཆ་ཉིད་དག་པར་འགྱུར་བའི་ཕྱིར། འགྱུར་ཚུལ་བཤད་ཟིན་ཏོ། །ཡང་ཁ་ཅིག ། དེའི་དོན་ཡོད་དེ། དེ་ལྟར་བྱས་པས་ལྟུང་བའི་ས་བོན་བག་ཆགས་དང་བཅས་པ་དག་པ་དེའི་དོན་ཡིན་པའི་ཕྱིར་ཟེར་ན་མི་འཐད་དེ། དེ་འཇིག་རྟེན་ལས་འདས་པའི་ལམ་ཁོ་ནས་སྤོང་དགོས་པའི་ཕྱིར་ཏེ། དེ་སྒོམ་སྤང་ཡིན་པའི་ཕྱིར། ཡང་ཤ་མི་སོགས་ཁ་ཅིག ། བཤགས་པ་ཚུལ་བཞིན་དུ་བྱས་ན་ལྟུང་བ་མངོན་གྱུར་བྱེད་ལས་དང་བཅས་པ་དག་པས་ཁྱབ་ཟེར། དེ་ལ་མཚོ་སྣ་བ་སོགས་ཁ་ཅིག་མྱོང་ངེས་ཀྱི་ལས་དང་འབྲེལ་བའི་ལྟུང་བ་ཚུལ་བཞིན་དུ་བཤགས་པས་དེའི་བྱེད་ལས་འདག་པར་ཐལ། དམ་བཅའ་དེའི་ཕྱིར། ཞེས་སོགས་གསུངས། |
| Domain | ཆོས་ལུགས། |