73420

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་གནས་ (1)
Part of speech མིང་ཚིག
Definition སྔགས། ལྷ་བསྒོམ་པ་དང་སྔགས་བཟླས་དང། །བུམ་པ་ལྷ་ཡི་སྟ་གོན་དང། །དངོས་གཞིའི་དམ་ཚིག་སེམས་དཔའ་དང། །ཡེ་ཤེས་འཁོར་ལོ་དགུག་གཞུག་དང། །སྤྱན་དབྱེ་བརྟན་པར་བཞུགས་པ་དང། །སྔགས་ཀྱི་བྱིན་གྱིས་བརླབས་པ་ཡི། །མེ་ཏོག་དོར་ནས་ལེགས་མཆོད་དེེ། །བཀྲ་ཤིས་རྒྱས་པར་བྱེད་པ་ཡི། །ཆོ་ག་གསང་སྔགས་རྒྱུད་སྡེ་ལས། །གསུངས་ཀྱི་ཕ་རོལ་ཕྱིན་ལས་མིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། རབ་གནས་མཚན་ཉིད་པ་ལ་སྟ་གོན་གྱི་སྐབས་སུ། ཡི་དམ་གྱི་ལྷ་བསྒོམ་ཞིང་སྔགས་བཟླ་བ་དང། བུམ་པ་སྟ་གོན་དང། གང་གིས་རབ་ཏུ་གནས་པར་བྱེད་པའི་ལྷ་སྟ་གོན་དང། རབ་ཏུ་གནས་བྱའི་རྟེན་བསྐྱེད་ནས་ཡེ་ཤེས་པ་བཅུག་སྟེ། སྙན་གསན་དབབ་པ་ལ་སོགས་པ་ཆོས་བཅུ་གསུམ་དང། དངོས་གཞིའི་སྐབས་སུ་རྟེན་གྱི་དམ་ཚིག་པ་བསྐྱེད་པ་ལ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱས་ནས། སྤྱན་དབྱེ་བ་དང། བརྟན་པར་བཞུགས་པ་དང། སྔགས་ཀྱིས་བྱིན་གྱིས་བརླབས་པའི་མེ་ཏོག་དོར་ནས། གསོལ་བ་བཏབ་པ་དང། མཆོད་པ་རྒྱས་པས་ལེགས་པར་མཆོད་པ་ལ་སོགས་པའི་ཆོས་བཅུ་གསུམ་དང་། རྗེས་བཀྲ་ཤིས་རྒྱས་པར་བྱེེད་པ་ལ་སོགས་པའི་ཆོས་བཅུ་གསུམ་ཚང་བ་ཞིག་དགོས་ཤིང་། དེ་ལྟ་བུའི་ཆོ་ག་ནི་རབ་གནས་ཀྱི་རྒྱུད་ལ་སོགས་པ་གསང་སྔགས་ཀྱི་རྒྱུད་སྡེ་ལས་གསུངས་ཀྱི། ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ་མ་ཡིན་པས། རབ་གནས་མདོ་ལུགས་མི་འཐད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། རབ་གནས་མཚན་ཉིད་པ་དེ་བྱ་ཚུལ་ཇི་ལྟ་བུ་ཞེ་ན། ཐོག་མར་རང་ཉིད་ལྷ་བསྒོམས་ཤིང་སྔགས་བཟླས་པ་དང་། རབ་ཏུ་གནས་བྱའི་དོན་ལ་དབང་བསྐུར་བའི་ཕྱིར་བུམ་པ་སྟ་གོན་དང་། དཀྱིལ་འཁོར་བསྒྲུབ་པའི་ཆོ་ག་བྱ་བའི་ཕྱིར་སྙན་གསན་འབེབས་པ་ལྟ་བུ་སྟ་གོན་དང་། རབ་ཏུ་གནས་བྱའི་རྟེན་ལ་བགེགས་སྦྱང་བ་དང་། དྲི་མ་བཀྲུ་བ་ལ་སོགས་པ་ནི་རབ་གནས་ཀྱི་སྟ་གོན་དང་། དངོས་གཞི་ནི། ཡང་བདག་བསྐྱེད་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང་། རྟེན་དམ་ཚིག་སེམས་དཔའ་བསྐྱེད་པ་དང་། དེ་ཡང་ཡེ་ཤེས་དཀྱིལ་འཁོར་དགུག་གཞུག་བྱས་ཏེ་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པ་དང་། སྤྱན་དབྱེ་བ་དང་། བརྟན་པར་བཞུགས་པར་གསོལ་བ་འདེབས་པ་དང་། སྤྱི་དང་བྱེ་བྲག་སོ་སོའི་མངའ་དབུལ་དང། སྔགས་ཀྱི་བྱིན་གྱིས་བརླབས་པའི་མེ་ཏོག་དོར་ནས་ལེགས་པར་མཆོད་དེ། རྗེས་དགའ་སྟོན་དང་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱས་པར་བྱེད་པ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།

{{#arraymap:རབ་གནས་

|; |@@@ | | }}

རབ་གནས་ (2)
Part of speech མིང་ཚིག
Definition ཐ་སྙད་འདིའི་འཇུག་དོན་གཞི་རྩ་ལྟ་བུ་ནི་རྒྱལ་བའི་བསྟན་པ་སྐུ་གསུང་ཐུགས་རྟེན་ཇི་སྙེད་རྣམས་གདུལ་བྱའི་སྐལ་བཟང་སྤྱོོད་ཡུལ་དུ་བཞུགས་ཤིང་ཡུན་རིང་དུ་གནས་པ་ཉིད་ལ་བརྗོད་དོ། །ངེས་ཚིག་ནི། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། ངེས་ཚིག་མཆོག་ཏུ་གྱུར་པས་རབ། ཡུན་རིང་དག་ཏུ་གནས་པས་གནས། ཞེས་པས། དེ་ཡང་མཆོག་ཏུ་གྱུར་པ་ནི། བདེར་གཤེགས་ཡེ་ཤེས་སེམས་དཔའམ། དེ་དག་གིས་གདུལ་བྱའི་དོན་དུ་སྐུ་གསུང་ཐུགས་ཀྱི་བསྟན་པ་གཏན་ལ་ཕབ་པར་མཛད་པ་བཞིན། བསྟན་པ་དེ་རྣམས་ཀྱི་རྟེན་ལའང་སྐུ་གསུང་ཐུགས་ཀྱི་རྟེན་རྣམ་པ་གསུམ་བཞུགས་པ་དེ་དག་གོ ། ཡུན་རིང་དུ་གནས་པ་ནི། འཁོར་བ་ཇི་སྲིད་གནས་བར་དུ་བཞུགས་པ་ལ་བྱའོ། །དེང་དུས་ཕལ་མོ་ཆེར། རབ་གནས་དང། རབ་གནས་མཛད་ཅེས་པའི་མིང་ཚིག་འདི་གཉིས་འཇུག་དོན་ལ་དབྱེར་མེད་པ་ལྟ་བུར་བཀོལ་ཏེ། རྒྱལ་བའི་སྐུ་གསུང་ཐུགས་རྟེན་རྣམས་ཡུན་རིང་དུ་གནས་པར་བྱ་ཐབས་ཆོ་གའི་ལས་རིམ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། རབ་གནས་མཛད་ཅེས་པའི་ལས་རིམ་དེ་ལའང་། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཞུགས་གསོལ་གནང་ཡུལ་གྱི་གནས་དང་ཕྱོགས་གང་དེར། འཁྲས་ཤིང་དབང་བའི་ལྷ་ཀླུ་ལ་སོགས་ཡོན་ཏན་ལན་ཆགས་སྙིང་རྗེའི་མགྲོན་རིགས་བཅས་ལ་གླུད་དམ་ཡོན་གྱི་ཚུལ་དུ་གཏོར་མ་ཆ་གསུམ་གྱིས་བརྔན་ཞིང་ཚིམ་པར་བྱ་བ་དང་། ས་ཕྱོགས་དེར་གཙང་སྦྲ་དང་སྤོས་དང་ཙན་དན་ལ་སོགས་པའི་དྲི་ལྡན་གྱི་ཆུ་ཡིས་བྱུག་ལ། རྒྱུ་རིན་ཆེན་ལས་གྲུབ་པའི་བུམ་པར་དྲི་ལྡན་སྨན་སྣ་དང་གཙང་མའི་ཆུ་སྣ་འོ་མ་དཀར་གསུམ་མངར་གསུམ་འབྲུ་སྣ་མ་ལུས་བཅུད་ཚོགས་ཤིང་། དེ་ལ་ཁ་རྒྱན་མགུལ་ཆིངས་དང་འབྲུ་སྣ་མེ་ཏོག་སྣ་ཚོགས་རབ་གནས་ཀྱི་རྫས་ཆོ་གའི་གཞུང་དང་མཐུན་པ་ཚང་པར་བསག་སྟེ། སྒྲུབ་པའི་གཤེན་པོས་ཀྱང་རང་ཉིད་རྒྱལ་ཆེན་དང་གྱད་ཆེན་བཅུ་ཡི་སྐུར་བསྐྱེད་དེ་རྟེན་ལ་ཕོགས་པའི་བགེགས་རིགས་ཀུན་རྒྱང་མཚམས་བསྐྲད་པ་དང་། ཞལ་ནས་ཨཱོྃ་ན་མ་ཨ་དཀར་གཤའ་ཡ་ས་ལེ་སང་ངེ་ཡེ་སྭཱཧཱ། ཞེས་བརྗོད་བཞིན་ཏིང་འཛིན་གྱི་དམིགས་པས་བུམ་པའི་ནང་དུ་ཨ་དཀར་ལས་ཟླ་བའི་དཀྱིལ་འཁོར་འོད་དང་ལྡན་པར་བསམ་ཞིང་། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་སེམས་དཔའ་ཀུན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་རྣམས་བཀུགས་ཏེ། བུམ་པར་བསྟིམ་པས་བུམ་ནང་གི་ཆུ་དང་གཉིས་སུ་མེད་པ་གྱུར་པར་སྒོམ་བཞིན་རྟེན་རྣམས་ལྷ་ཁྲུས་མཛད་ལ། དེ་ལས་ཡང་འོད་ཟེར་གྱི་འཕྲོ་འདུས་དབྱིངས་ན་བཞུགས་པའི་སངས་རྒྱས་སེམས་དཔའ་རྣམས་ཐུགས་རྒྱུད་བསྐུལ་ཏེ། རབ་ཏུ་གནས་པའི་རྟེན་དེ་དག་ལ་སྤྱན་དྲངས་ཤིང་བསྟིམ་པའི་ཏིང་འཛིན་གྱི་དམིགས་པ་བསྐྱེད་པ་དང་། ངག་ནས་སྐུ་གསུང་ཐུགས་ཀྱི་སྙིང་པོ་བགྲང་ཞིང་ཏིང་འཛིན་གྱི་དམིགས་པའི་འོད་ཟེར་གྱི་འཕྲོ་འདུས་སྣོད་བཅུད་ཀྱི་གདོས་སྒྲིབ་སྦྱང་སྟེ། གནས་དང་རྟེན་རྣམས་ཡེ་ཤེས་སེམས་དཔའི་སྐུ་དང་གཞལ་ཡས་ལ་སོགས་སུ་བསྐྱེད་ཅིང་། ཕྱོགས་བཞིར་འབྲུ་དང་མེ་ཏོག་སོགས་ཀྱིས་མངའ་དབུལ་གྱི་མཆོད་པ་འབུལ་བ་དང་བཀྲ་ཤིས་སྨོན་ལམ་གྱིས་གཞི་བརྟན་པར་མཛད་པ་བཅས་རབ་གནས་ཀྱི་ཆོ་གའི་གཞུང་དང་བསྟུན་པར་མཛད་དགོས་པ་ཡིན་ནོ། །

{{#arraymap:རབ་གནས་

|; |@@@ | | }}

རབ་གནས་ (3)
Part of speech མིང་ཚིག
Definition རབ་བྱུང་བཅུ་བདུན་པ་སྟེ། གཟུགས་ཁམས་ཀྱི་གནས་རིགས་བཅུ་བདུན་ཡོད་པས་ནའོ། །
Type མངོན་བརྗོད།
Domain རྩིས་རིག

{{#arraymap:རབ་གནས་

|; |@@@ | | }}