73430

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་གསལ་ (1)
Part of speech མིང་ཚིག
Definition ཁང་པ་ཐོག་རྩེག་ཅན་གྱི་ཕྱིིའི་ཁྱམས་རའམ་སྟེགས་བུ།
Example རབ་གསལ་ཁ་ནས་མར་ལྟད་མོ་བལྟས་ཞེས་པ་ལྟ་བུ།
རབ་གསལ་ (2)
Part of speech མིང་ཚིག
Definition བསྐལ་བཟང་སངས་རྒྱས་སྟོང་གི་ཡ་གྱལ་ཞིག་སྟེ། མདོ་སྡེ་བསྐལ་བ་བཟང་པོ་ལས། དེ་བཞིན་གཤེགས་པ་རབ་གསལ་སྐྱེ་བའི་ཡུལ་ནི་རྒྱུ་སྐར་ཅན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔའོ། །ཡབ་ནི་ལེགས་པའི་བློ་གྲོས་ཞེས་བྱའོ། །ཡུམ་ནི་མེ་ཏོག་ཅེས་བྱའོ། །སྲས་ནི་དུས་རིགས་ཅེས་བྱའོ། །རིམ་འགྲོ་བ་ནི་དགའ་བའི་དབང་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཀྲ་ཤིས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འབྲུག་ སྒྲ་ཞེས་བྱ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་ཕྲག་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དགུའོ། །འདུས་པ་གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུ་ དང་བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་དགུའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །
རབ་གསལ་ (3)
Part of speech མིང་ཚིག
Definition ཉི་མ་སྟེ། འཇིག་རྟེན་ཁམས་གསལ་བར་བྱེད་པས་ནའོ། །
Type མངོན་བརྗོད།
རབ་གསལ་ (1)
Part of speech བསྣན་ཚིག
Definition ཤིན་ཏུ་གསལ་བའི་དོན།
Example རབ་གསལ་ཟླ་འོད་བསིལ་མོས་ཚ་གདུང་འཇོམས་ཞེས་པ་ལྟ་བུ།
རབ་གསལ་ (1)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་སྡེ་ཚན་དང་པོའི་བཅུ་གཅིག་པ་དཔེ་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
Example རྒྱལ་དབང་ལྔ་པས། ཡན་ལག་དྲུག་ཅུའི་དབྱངས་སྙན་རབ་གསལ་བས། །གྲངས་མེད་ཆོས་འཁོར་བསྐོར་བའི་ངོ་མཚར་རྟོགས། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག