73633
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུངས་ཡུལ་ནི་གཙང་ཡིན། གཞོན་ནུ་ནས་གཙང་དབུས་ཀྱི་མཚམས་སྙེ་མོ་ཆོས་སྡེ་ཞེས་པའི་གྲྭ་སར་ཕེབས་ནས། རབ་ཏུ་བྱུང་ཞིང་། དབུ་ཚད་ཕར་གསུམ་སོགས་ལ་གསན་ཞིང། ལོ་མང་པོའི་བར་དུ་མཚན་ཉིད་ལ་སྦྱངས། བྱང་ངམ་རིང་གི་ཆོས་སྡེ་སོགས་ཆོས་སྡེ་ཕལ་ཆེ་ཐམས་ཅད་དུ། རབ་འབྱམས་པའི་གྲྭ་སྐོར་མཛད། རབ་འབྱམས་པ་ལྷུན་གྲུབ་རྒྱལ་མཚན་ཞེས། ཡོངས་སུ་གྲགས། དེ་ནས་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་ལ་ཐུགས་མོས་ཤིང། སྙིང་པོའི་དོན་སྟོན་པའི་བླ་མ་ཞིག་འཚོལ་བར་བཞེད་དེ། སྟོད་མངའ་རིས་ཀྱི་ཕྱོགས་སུ་བྱོན་པས། གྲུབ་པའི་དབང་ཕྱུག་ནམ་མཁའ་རྡོ་རྗེ་དང་མཇལ། དད་པའི་སྤུ་ལོང་གཡོས། ལོ་དུ་མའི་བར་དུ་ཞབས་དྲུང་དུ་འབྲལ་བ་མེད་པར་བཞུགས་ནས། དྭགས་པོ་བཀའ་བརྒྱུད་སྤྱིའི་ཆོས་དང་། ཁྱད་པར་འབར་ཆོས་ཀྱི་དབང་ལུང་ཁྲིད་གསུམ་ཡིག་སྣ་གཅིག་ཀྱང་མ་ལུས་པ་རྫོགས་པར་གསན། རི་ཁྲོད་ངེས་མེད་རྣམས་སུ་སྒྲུབ་པ་ཡང་མང་དུ་མཛད། ཁྱད་པར་ཨོས་དཀར་བྲག་གི་རི་ཁྲོད་དང་དགའ་ལྡན་ཆོས་རྫོང་སོགས་སུ། དཀའ་ཐུབ་བཅུད་ལེན་སོགས་ཀྱང་ལོ་དུ་མའི་བར་དུ་མཛད། དེ་ནས་འབར་ཆོས་ཕྱག་ཆེན། ཆོས་དྲུག ། ཁྲིད་ཆེན་བརྒྱད་སོགས་ཀྱི་གཞུང་ཆུང་ཐམས་ཅད་པར་དུ་བཞེངས་ཤིང་། ཁྲིད་ཆེན་བརྒྱད་ཀྱི་ལོ་རྒྱུས། ས་བཅད། དཀར་ཆག བླ་མའི་རྣམ་ཐར་ངོ་མཚར་གསལ་བའི་མེ་ལོང་སོགས། བཀའ་རྩོམ་མཛད། དད་འདུས་ཀྱི་སྐལ་ལྡན་མང་པོ་ལ་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བས། འཆད་ཉན་ཕེར་བའི་སློབ་མ་བསྟན་དང་འགྲོ་ལ་ཕན་པ་ཡང་མང་དུ་བྱུང། སྐུ་ཚེ་ཡང་མཐར་འཁྱོལ་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་སོ། །ཐུགས་སྲས་མཆོག་ཏུ་གྱུར་པ་ནི། འཇམ་དཔལ་གླིང་པ་སངས་རྒྱས་ཆོས་འཕེལ་དང་། ཐུགས་སྲས་ནམ་མཁའ་དབང་ཕྱུག་ཡིན་ལ། དེའི་སློབ་མ་རིན་པོ་ཆེ་དོན་གྲུབ་ཆོས་འཕེལ་ཞེས་བྱ་བ་རླུང་སེམས་ལ་དབང་ཐོབ་ཅིང་། སྦས་པའི་རྣལ་འབྱོར་པ་དེ་ཡིན་ནོ། ། |