7364

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདམས་ངག་གི་གྲངས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མཇུག་ཆོག་གཉིས་པ་གདམས་ངག་གི་ནང་གསེས་ཀྱི་དབྱེ་བ་ཞེས་པ་དང་དོན་འདྲ། དགེ་སློང་ཕ་མའི་གདམས་ངག་གི་གྲངས་དང་། གདམས་ངག་གི་དོན་བསྡུ་སོགས་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྔ་པ་ཡོད་དེ། དགེ་སློང་ཕ་ལ་གདམས་པ་བཅུ་གཅིག །དགེ་སློང་མ་ལ་དེའི་སྟེང་དུ་ལྕི་བའི་ཆོས་བརྒྱད་ཁས་ལེན་པར་འདོམས་པའི་གདམས་ངག་བསྣན་པས་བཅུ་གཉིས་སུ་ཡོད་པའི་ཕྱིར། དེ་བསྡུ་ན། བསླབ་བྱ་ཡུལ་ལ་གདམས་པ་དང་། བསླབ་བྱེད་གཉེན་པོ་ལ་གདམས་པ་གཉིས་སུ་འདུ་ཞིང་གོ་རིམ་ལུང་དང་བསྟུན་ནས་བཤད་དོ། །དགེ་སློང་ལ་གདམས་པའི་གདམས་ངག་བཅུ་གཅིག་བགྲང་དུ་ཡོད་དེ། ཚངས་སྤྱོད་ཀྱི་གནས་ལ་གདམས་པ་བཞི། ལྟུང་བར་འགྱུར་བའི་ཆོས་སྤོང་བར་གདམས་པ། དགེ་སྦྱོང་དུ་བྱེད་པའི་ཆོས་ལ་སློབ་པར་གདམས་པ། མཆོག་ཏུ་འདོད་པའི་དོན་སྒྲུབ་པར་གདམས་པ། གནས་བརྟན་རྣམས་དང་ཚུལ་ཁྲིམས་མཉམ་པར་གྱུར་པ་ལ་ངེས་པར་སྦྱོར་བའི་དོན་དུ་གདམས་པ། ཚུལ་དང་འབྲེལ་བའི་གཟུགས་བརྙན་ལ་ངེས་པར་སྦྱར་བའི་དོན་དུ་གདམས་པ། དུལ་བར་གནས་པ་ལ་ངེས་པར་སྦྱར་བའི་དོན་དུ་གདམས་པ། སྤོང་བ་དང་ཀློག་པ་གཉིས་ཀྱི་དགོས་པ་རྗེས་སུ་བསྒྲུབ་པའི་དོན་དུ་གདམས་པ། མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པའི་ཐབས་བསྒྲུབ་པར་འགྱུར་བའི་དོན་དུ་གདམས་པ། གུས་པ་ལ་ངེས་པར་སྦྱར་བའི་དོན་དུ་གདམས་པ། བག་ཡོད་ལ་ངེས་པར་སྦྱར་བའི་དོན་དུ་གདམས་པ་དང་བཅུ་གཅིག་ཡོད་པའི་ཕྱིར། དང་པོ་བཞི་ཡོད་དེ། གོས་ཕྱག་དར་ཁྲོད་པ། ཟས་བསོད་སྙོམས་པ། གནས་མལ་ཤིང་དྲུང་པ། སྨན་བཀུས་ཏེ་བོར་བ་བཞི་ལ་གནས་པར་གདམས་པ་རྣམས་ཡིན་པའི་ཕྱིར། བཞི་པོ་འདི་དག་གདམས་པ་ལ་དགོས་པ་ཡོད་དེ། འདོད་པ་བསོད་སྙོམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་སྤང་བའི་ཆེད་དུ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།