73976

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་དོ་དགོན་ (1)
Part of speech མིང་ཚིག
Definition རི་དོ་དགོན་པ་ནི། ཀུན་མཁྱེན་རོང་སྟོན་གྱི་སློབ་མ་ཡར་འབྲོག་སྟོང་རྭ་བ་མཁན་ཆེན་ཀུན་དགའ་ལེགས་གྲུབ་ཀྱིས། རབ་བྱུང་བརྒྱད་པ་ཙམ་དུ་བཏབ། ས་སྐྱ་ཚར་ལུགས་ཀྱི་དགོན་སྡེ་ཞིག་ཡིན། དེ་ནི་ཡར་འབྲོག་གཡུ་མཚོའི་ཤར་ངོས་ཀྱི་མཚོ་དཀྱིལ་རི་དོ་ཞིག་གི་སྟེང་དུ་ཆགས་ཡོད་པ་དང་། རི་དོའི་གླིང་ཆུང་དུ་རྗེ་དེའི་སློབ་མ་བརྒྱད་སྒྲུབ་གྲྭར་བཞུགས་པ་ནས། རིམ་གྱིས་དཔལ་ལྡན་ས་སྐྱ་པའི་རིང་ལུགས་ཀྱི་གྲྭ་བཙུན་མང་པོས་སྒྲུབ་པར་གཞོལ་བ་དང་། ཀུན་དགའ་ལེགས་གྲུབ་ཀྱིས་གོང་དཀར་རྣམ་རབ་དྭགས་པོ་གྲྭ་ཚང་གི་མཁན་པོ་མཛད་པར་ སྟོང་ར་མཁན་ཆེན་ཀུན་ལེགས་ཞེས་མཚན་སྙན་ཆེན་པོ་བྱུང་ཏེ་ དྭགས་པོ་གྲྭ་ཚང་དུ་སྟོང་ར་ཁང་ཚན་ཞེས་ཡང་ཟུར་དུ་ཆགས། རི་དོའི་སྒྲུབ་གྲྭ་ཕྱིས་སུ་ཉམས་རྒུད་སོང་ནས་རྣམ་རབ་དྭགས་པོ་གྲྭ་ཚང་གིས་བདག་སྐྱོང་མཛད་དེ་བླ་ཚབ་ཕེབས་ནས རི་དོ་དགོན་དང་ཡར་འབྲོག་ཁུལ་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བའི་ལམ་སྟོན་གནང་ནས་ལོ་གསུམ་རེ་བཞུགས་སྲོལ་ཡོད། ཕྱིས་སུ་སྐྱབས་རྗེ་ཞབས་དྲུང་རིན་པོ་ཆེ་མཆོག་ཀྱང་གནས་དེར་ཞབས་སོར་འཁོད་དེ་བསྟན་འགྲོའི་མཛད་འཕྲིན་བསྐྱངས། སྒྲུབ་གནས་དེར་འདུ་ཁང་ཀ་བ་བཞི་དང་། མགོན་ཁང་ལྕམ་གང་། སྟེང་དུ་ཐིག་ཁང་ཀ་བ་དྲུག འོག་ཁང་ཀ་བ་གཉིས། ཁོར་གཡབ་ཀ་བ་གཉིས་དང་འདབ་འབྲེལ་གྱི་གྲྭ་ཤག་དང་མཚམས་ཁང་བཅས་ཡོད་ལ། འདུ་ཁང་ནང་རྟེན་གཙོ་སྒྲོལ་མ་དཀར་མོ་གསུང་བྱོན་མ་དང་། རྒྱ་ནག་ནོར་འཛིན་སྒྲོལ་མ་སོགས་སྐུ་རྒྱུ་གསེར་ཟངས་དང་ལི་མ་ལས་གྲུབ་པ་ཆེ་ཆུང་བརྒྱ་སྐོར། ཚེ་དཔག་མེད་སྟོང་སྐུའི་གསེར་ཐང་དང་། མཛད་རྒྱ་དཔག་བསམ་ཁྲི་ཤིང་གི་ཐང་ག་ཆ་ཚང་དང་། སྨན་འདམ་ལས་གྲུབ་པའི་ལམ་འབྲས་བླ་རྒྱུད་ཀྱི་སྐུ་ཆ་ཚང་གཉིས། ཀུན་མཁྱེན་རོང་སྟོན་དང་ཀུན་ལེགས་ཀྱི་འདྲ་སྐུ་མང་། གསུང་རྟེན་དུ་འཕགས་པ་བརྒྱད་སྟོང་པ་རིན་ཆེན་སྣ་བདུན་ལས་བྲིས་པ་སོགས་གསུང་རབ་མང་པོ་དང་ཐུགས་རྟེན་དུ་ཙནྡན་སྦྲུལ་གྱི་སྙིང་པོ་སྲོག་ཤིང་དུ་བཞུགས་པར་གྲགས་པའི་མཆོད་རྟེན་རྣམ་གཉིས་དང་དེ་མིན་བཀའ་གདམས་མཆོད་རྟེན། གཞན་ཡང་མཆོད་པའི་ཡོ་བྱད་ཁྱད་འཕགས་མང་དུ་བཞུགས། གུར་གྱི་མགོན་པོས་བླ་མ་འདི་ཉིད་ཀྱི་དྲུང་དུ་གཡག་རྒོད་ཆེན་པོ་ཞིག་ཏུ་སྤྲུལ་ནས་བྱོན་ཏེ་རི་དོའི་སྒྲུབ་གནས་ཀྱི་རྡོ་ཞིག་ལ་ཐིམ་པས་རྡོ་དེར་བུ་རྡོ་ཞེས་བརྗོད་ནས་རྟེན་དུ་གྱུར། དེ་ནས་རི་དོ་དགོན་འདི་མགོན་པོ་གུར་གྱི་གནས་མཆོག་ཡིན་པར་ཡོངས་སུ་གྲགས། བོད་ཟླ་བཅུ་གཅིག་ནང་ཉིན་བདུན་ཙམ་རིང་གུར་གྱི་མགོན་པོའི་དམིགས་བཀར་སྒྲུབ་མཆོད་གནང་སྲོལ་དང་། ཀུན་ལེགས་ཀྱིས་རྒྱ་གར་བསིལ་བ་ཚལ་ནས་བསྣམས་པའི་མགོན་པོའི་བླ་རྡོ་ཁྱིག་གང་ཞིག་བཞུགས་ཡོད་པ་དེ་ཡང་སྒྲུབ་གནས་དེའི་ནང་རྟེན་ཁྱད་འཕགས་སུ་བཞུགས་བཞིན་པའོ། །