74322

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་པའི་སྐྱེས་བུ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རིག་པའི་སྐྱེས་བུ་ནི། ཐུབ་པ་དྲུག་པོ་སྟེ། དཔལ་གསང་བ་སྙིང་པོ་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས། ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་པ་ཞེས་བྱ་བའི། རིག་པའི་ སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཞེས་དང་། སྤར་ཁབ་ལས། རིག་པའི་སྐྱེས་བུ་ཐུབ་པ་དྲུག ། ཅེས་བྱ་བ་ནི། གཞན་དག་ལས། རང་གི་ལུས་ངག་ཡིད་རྡོ་རྗེ། །མི་ཕྱེད་པ་ཡི་ངོ་བོ་སྟེ། །རིག་པ་དང་བཅས་ལྡན་པ་ནི། །རིག་པའི་སྐྱེས་བུ་ཞེས་སུ་བཤད། །ཅེས་པ་སྟེ་གོ་སླའོ། །དེ་དག་ཀྱང་སྐུ་སྟག་དང་སྤྲེའུ་ལ་སོགས་པ་ལྟར་མི་མཛད་པ་དང་། ཅ་ཅོ་སྤངས་པ་དང་། མཉམ་པར་མ་བཞག་པ་མི་མངའ་བའི་ཕྱིར་ཐུབ་པ་སྟེ། ལས་ཀྱང་མི་འདོད་པ་མ་ཡིན་ནོ། །གྲངས་ནི་གདུལ་བྱའི་ངོར་ངེས་པ་ཁོ་ནའོ། །ཞེས་དང་། དཀོན་ཅོག་འགྲེལ་ལས། དེ་ལ་རིག་པའི་སྐྱེས་བུ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་སྔགས་ལས་བྱུང་བའི་སྐུ་ནི་རིག་པའི་སྐྱེས་བུ་ཞེས་བཤད་དོ། །ཁ་ཅིག་ལས་རིགས་སྔགས་ནི་མི་ཕྱེད་པའི་དོན་ཏེ། སྐུ་གསུང་ཐུགས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའི་དོན་ནི་རིགས་པའི་སྐྱེས་བུ་ཞེས་བཤད་དོ། །ཁ་ཅིག་ལས་རིགས་སྔགས་ནི་ལྷ་མོ་སྟེ། དེ་དང་ལྡན་པའི་རིག་པའི་སྐྱེས་བུ་ཞེས་བཤད་དོ། །ཡེ་ཤེས་ལས་འཕྲུལ་པའི་སྐུ་ལ་ཡང་རིག་པའི་སྐྱེས་བུ་ཞེས་པ་བཤད་དོ། །འདིར་ནི་དེ་ཉིད་དང་མི་ཕྱེད་པའི་དོན་གཟུང་བར་བྱའོ། །ཐུབ་པ་དྲུག་ཅེས་བྱ་བ་ནི་འགྲོ་དྲུག་གི་དབང་དུ་བྱས་པའོ་ཞེས་དབུས་ལུགས་པ་གསུང་ངོ་། །ཡོངས་གྲགས་པ་ཁ་ཅིག་ན་རེ། སྤྱིར་དེ་ལྟར་ཡིན་མོད་ཀྱི། སྐབས་འདིར་འཇིག་རྟེན་དྲུག་གི་དབང་དུ་བྱས་པ་ཡིན་ཏེ། དེ་ལྟར་མ་ཡིན་ན་འོག་ནས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་ཐུབ་པ་ཆེན་པོ་རེ་རེས་འགྲོ་བ་ལྔའི་དོན་མཛད། ཅེས་བསྟན་པ་དང་འབྲེལ་བ་མེད་པར་འགྱུར་རོ་ཟེར་རོ། །ཡོངས་ནི་འགྲོ་དྲུག་གི་དབང་དུ་བྱས་ཀྱང་སྟོང་གསུམ་རེ་རེར་ཞེས་བྱ་བའི་སྐབས་སུ་ཐུབ་པ་དྲུག་པོ་རེ་རེས་ཞེས་བྱ་བར་མི་སྦྱར་བར་སྤྱིར་གཅིག་གིས་དོན་མཛད་པར་སྣང་ངོ་ཞེས་སྦྱར་ན། འདི་ལ་ཡང་འགལ་བ་མ་མཐོང་ངོ་། །ཞེས་གསུངས་སོ། །
Domain ཆོས་ལུགས།