74359
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། སྐུ་གསུམ་མྱུར་དུ་འགྲུབ་པའི་རྒྱུའི་གཙོ་བོ་ངོས་བཟུང་བ་ནི། སྐུ་གསུམ་གྱི་རྣལ་འབྱོར་རྫོགས་མ་ཐག་རིག་མ་འདུ་བྱ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། བཤད་མ་ཐག་པའི་སྐུ་གསུམ་པོ་དེ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཐོབ་པར་བྱེད་པ་ལ་འདུ་བྱས་པའི་རིག་མ་དང་སྙོམས་པར་ཞུགས་པའི་བདེ་བས་སྟོང་ཉིད་ངེས་པའི་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་ཐབས་ཀྱིས་སྒྲུབ་དགོས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། ། རིག་མ་འདུ་བྱ་བ་འདི་སྦྱང་གཞི་ལ་ཆོས་མཐུན་སྦྱོར་རྒྱུ་མེད་ཀྱང་འབྲས་བུ་སངས་རྒྱས་ཀྱི་མཛད་པ་དང་རྣམ་པ་མཐུན་པ་ཡིན་ཏེ། བདག་ཅག་གི་སྟོན་པས་དམན་པ་ལ་མོས་པ་རྣམས་ལ་ཆགས་བྲལ་གྱི་སྤྱོད་པ། རྒྱ་ཆེན་པོ་ལ་མོས་པ་རྣམས་ལ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་ཆགས་ཅན་གྱི་སྤྱོད་པ་དང་གསུམ་གསུངས་པའི་ནང་ནས། འདིར་སྤྱོད་པ་ཕྱི་མ་དང་རྣམ་པ་མཐུན་པའི་འབྲས་བུ་ལམ་བྱེད་ཁྱད་པར་ཅན་དུ་འགྱུར་བ་ཡིན་ནོ། ། རིག་མ་འདུ་བྱ་བ་ལ་ཡང་དངོས་ཀྱི་རིག་མ་འདུ་བྱ་བ་དང་། བསྒོམ་པའི་རིག་མ་འདུ་བྱ་བའི་ཚུལ་གཉིས་ལས། དང་པོ་༼ དངོས་ཀྱི་རིག་མ་འདུ་བྱ་བ ༽ནི། མི་བསྐྱོད་པའི་རིགས་ཀྱི་བསྐྱེད་རིམ་པའི་སྒྲུབ་པ་པོས་སྨེ་ཤ་ཅན་གྱི་བུ་མོ། རྣམ་སྣང་གི་རིགས་ཀྱི་སྒྲུབ་པ་པོས་བཙོ་བླག་མཁན་གྱི་བུ་མོ། རིན་འབྱུང་གི་རིགས་ཀྱི་སྒྲུབ་པ་པོས་ཕྲེང་རྒྱུད་མཁན་གྱི་བུ་མོ། འོད་དཔག་མེད་ཀྱི་རིགས་ཀྱི་སྒྲུབ་པ་པོས་གར་མཁན་གྱི་བུ་མོ། དོན་གྲུབ་ཀྱི་རིགས་ཀྱི་སྒྲུབ་པ་པོས་བཟོ་བྱེད་མཁན་གྱི་བུ་མོ་རྣམས་མ་ལྟར་བྱམས་ཤིང་སྲིང་ལྟར་བརྩེ་བ། བུ་མོ་ལྟར་དུང་སེམས་ཆེ་བ་རྣམས་འདུ་བྱས། བསང་སྦྱངས་སྟོང་པའི་ངང་ལས་རང་རིགས་ཀྱི་ལྷ་མོར་བསྐྱེད། དེའི་ལུས་ལ་རིགས་ལྔ་བཀོད། དེ་དང་རང་གི་མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམས་པར་འཇུག་པ་ནི་དངོས་ཀྱི་རིག་མ་འདུ་བྱ་བའི་ཚུལ་ཡིན་ནོ། ། གཉིས་པ༼ བསྒོམ་པའི་རིག་མ་འདུ་བྱ་བའི་ཚུལ ༽ནི། ཐམས་ཅད་གསང་བའི་རྒྱུད་ལས། སྙིང་གར་གནས་པའི་ལྷ་མོ་ཆེ། ། རྣལ་འབྱོར་པ་ཡི་རྣལ་འབྱོར་བསྐྱེད། ། སངས་རྒྱས་ཀུན་གྱི་ཡུམ་གྱུར་མ། ། རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། ། ཅེས་གསུངས་པས་བསྟན་པ་ལྟར། རང་གི་སྙིང་ག་ནས་རང་རིགས་ཀྱི་ལྷ་མོ་མི་མོའི་རྣམ་པར་ཕྱུང་། བསང་སྦྱོང་སྟོང་པའི་ངང་ལས་རང་རིག་གྱི་ལྷ་མོར་བསྐྱེད། དེའི་ལུས་ལ་རིགས་ལྔ་བཀོད། དེ་དང་རང་གི་མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམས་པར་འཇུག་པ་ནི་བསྒོམ་པའི་རིག་མ་འདུ་བྱ་བའི་ཚུལ་ཡིན་ནོ། ། |
| Domain | ཆོས་ལུགས། |