74380

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་འཛིན་ཆོས་དབྱིངས་རྡོ་རྗེ་ (1)
Part of speech མིང་ཚིག
Definition མང་ཡུལ་སྐྱིད་གྲོང་གྲྭ་འཇམ་གླིང་གདུང་འཛིན་སྔགས་འཆང་ཤེས་རབ་འབྱུང་གནས་ཀྱི་སྲས་དཔལ་ལྡན་ངག་དབང་ནོར་བུ་དང་། ཡུམ་དོན་གྲུབ་རྒྱལ་མོའི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་ ༡༧༧༢ ལོར་འཁྲུངས། སྲས་བཞིའི་ཆེ་ཤོས་ཡིན། གཅུང་ཆོས་གྲགས་རྒྱ་མཚོའི་སྤྲུལ་སྐུར་གྲགས། རྗེ་སྨན་སྒོམ་པས། མཚན་ཀུན་བཟང་རིག་འཛིན་ཆོས་དབྱིངས་རྡོ་རྗེ་རྣམ་པར་རྒྱལ་བའི་སྡེར་གསོལ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས། མཚན་ཚེ་དབང་རྡོ་རྗེ་མི་འགྱུར་ནམ་མཁའ་ཞེས་བསྩལ། རྗེ་དེ་གཉིས་ལས་དབང་ལུང་ཡང་མང་པོ་ཞུས། རྗེ་བསྟན་འཛིན་རྡོ་རྗེ་ལ་གཙུག་ཕུད་ཕུལ་ཏེ། དགེ་བསྙེན་གྱི་སྡོམ་པ་མནོས། རྗེ་བླ་མ་རིག་འཛིན་འཕྲིན་ལས་བདུད་འཇོམས། གྲུབ་ཐོབ་སྤྲུལ་སྐུ་ངག་དབང་ཆོས་ཀྱི་རྒྱ་མཚོ། ཡོངས་འཛིན་བློ་བཟང་བསྟན་འཛིན་དང་། རས་ཆེན་བློ་གྲོས་རྒྱལ་མཚན་སོགས་བླ་མ་མང་པོ་ལ་གསར་རྙིང་གི་ཆོས་སྐོར་མང་དུ་གསན། བཅུ་བདུན་ས་སྤྲེལ་ལོར་གོར་བོད་དུས་ཟིང་སྐབས་དགོན་པ་དང་རྗེ་ཉིད་ལ་གནོད་པ་ཆེར་མ་བྱུང་བར། རང་གནས་བཀྲ་ཤིས་ཆོས་གླིང་དུ་བཅད་རྒྱར་ལོ་གསུམ་བཞུགས། ཐུན་མཚམས་སུ་དམ་ཆོས་ཐར་རྒྱན་ལ་གཟིགས་པས། སྒམ་པོ་པའི་བཀའ་དྲིན་རྗེས་དྲན་གྱི་མགུར་གསུང་། ཉེར་ལྔ་ཙམ་ལ་རྗེ་བླ་མ་ངག་དབང་ཆོས་ཀྱི་རྒྱ་མཚོས་བཀའ་ཕེབས་པ་བཞིན། འབའ་རའི་གདན་འཛིན་མཛད། དེར་སྒྲུབ་པ་ལོ་གསུམ་བཞུགས། གྲྭ་བཙུན་མང་དུ་འདུས་པ་ལ་འབར་ཆོས་ཀྱི་དབང་ལུང་རྒྱ་ཆེར་སྤེལ་ཏེ། འབའ་རའི་གདན་ས་དར་རྒྱས་སུ་མཛད། སོ་དགུ་པ་ལ་གཅུང་ཀུན་དགའ་བཟང་པོ་འབའ་རར་བཞུགས་སུ་བཅུག་ནས། སླར་སྐྱིད་གྲོང་བཀྲ་ཤིས་ཆོས་གླིང་གི་གདན་སར་ཕེབས་ཤིང་། ཐར་གྲུ་སྐོར་གསུམ་པར་ཤིང་གསར་སྐྲུན་གྱི་མཚོན། རྟེན་གསུམ་དཔག་མེད་གསར་བཞེངས་མཛད། སླར་འབའ་རར་ཕེབས་ཏེ། གདན་ས་ཡར་མར་གཉིས་ཀ་མཉམ་དུ་བསྐྱངས། པཎ་ཆེན་བློ་བཟང་དཔལ་ལྡན་གྱི་སྤྱན་སྔར་བསྙེན་པར་རྫོགས། གྲོ་མོ། ཧད་ལྗོངས། ཁམ་བུ་སྒྲིལ་མ་དགོན། ལྷོ་སྤ་གྲོ་འབྲང་རྒྱས་དགོན། མོན་རྫོང་། ཞོང་ཞོང་། དྲེས་དགོན་སྦུག་པ། ག་ཐོག་སོགས་འབྲུག འབྲས་ལྗོངས། བོད་དང་བཅས་པའི་གནས་ཡུལ་དུ་མར་ཞབས་ཀྱིས་བཅགས་ཏེ། འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད། འབའ་ར་བཀའ་བརྒྱུད་ཀྱི་བླ་མ་གོང་མ་དུ་མའི་རྣམ་ཐར་དང་། གསུང་མགུར། ཞལ་གདམས་སོགས་ཕྱག་རྩོམ་སྙན་ཚིག་གིས་སྤྲས་པ་མང་པོར་མཛད། དེ་ནས་རེ་བདུན་པ་ས་ཁྱི་ ༡༨༣༨ ལོའི་བོད་ཟླ་བརྒྱད་པའི་ཚེས་བཅུ་བདུན་ལ་གཟུགས་སྐུ་བསྡུས། ། སློབ་མ་ནི། གནས་ནང་སྐྱབས་མགོན་དཔའ་བོ་རིན་པོ་ཆེ། གཅུང་ཀུན་དགའ་བཟང་པོ། དགེ་སློང་རྣམ་རྒྱལ་མཁས་མཆོག སྤྲུལ་སྐུ་དྷརྨ་ཤྲཱི། སྤྲིན་ཟམ་གྲུབ་ཐོབ་སྐུ་སྐྱེ། འབྲས་ལྗོངས་བོ་དོང་དགོན་གྱི་བླ་མ་སྤྲུལ་སྐུ། གདོང་དཀར་ཆོས་ལུང་བླ་མ་ཡབ་སྲས། སྒྲུབ་ཁང་སྤྲུལ་སྐུ། སྦུག་ཀུན་དགའ་ལེགས་བཤད། གྲོ་སྟོད་སྐྱིད་ལུམ་ཚལ་གྱི་བླ་མ། བསམ་གྲུབ་ཆོས་སྡིངས་གྲུབ་ཆེན། དབོན་ཕྲིན་ལས་རྣམ་རྒྱལ། ཆུ་བཟང་བླ་མ་ཇོ་རྒན། གྲུབ་ཆེན་ནོར་བུ་རྒྱལ་མཚན། གནས་ནང་ཁམས་པ་དགེ་སློང་ངག་དབང་བློ་གྲོས་སོགས་ཤིན་ཏུ་མང་ངོ་། །

{{#arraymap:རིག་འཛིན་ཆོས་དབྱིངས་རྡོ་རྗེ་

|; |@@@ | | }}