74399
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཤར་ཕྱོགས་ཀོང་ཡུལ་ཝ་ཧུ་གནམ་ཚལ་དུ། ཡབ་ཆོས་སྐྱོང་མགོན་པོ་དང༌། ཡུམ་ནམ་ལང་བུ་ཁྲིད་ཀྱི་སྲས་སུ། རྨི་ལྟས་བཟང་པོ་བཅས། རབ་བྱུང་བཅུ་པའི་ཤིང་བྱ་ ༡༥༨༥ ལོར་འཁྲུངས། མིང་རྒྱལ་བ་མགོན་པོར་བཏགས། ལོ་ངོ་གསུམ་གྱི་དུས་སུ་ཡི་གེ་བརྡ་བསྟན་པ་ཙམ་གྱིས་ཤེས། ལོ་དགུ་ཙམ་ནས་གསོ་རིག་སྦྱངས། ལོ་བཅོ་ལྔ་ལོན་དུས། འཆི་ལ་ཁད་ནད་པ་བཅུ་གཅིག་ཙམ་གསོ་ཐུབ་པ་བྱུང༌། དིང་ཐང་འཚོ་མཛད་དུ་གྲགས། དེ་ནས་ཡབ་དང་བྲལ་ཏེ། ཡུམ་གྱིས་བཤོལ་བཏབ་ཀྱང་མ་ཉན་པར། ལོ་ཉི་ཤུ་རྩ་གཅིག་ལ། ཆོས་རྗེ་མི་ཕམ་བློ་གྲོས་ཀྱི་དྲུང་དུ། བྱོན་ནས་དགེ་ཚུལ་བསྒྲུབས། མཚན་ངག་དབང་ཆོས་རྒྱལ་དབང་པོར་གསོལ། ལྷ་རྩེ་བ་ལས་བསྙེན་པར་རྫོགས། དབང་ཁྲིད་ལུང་མང་དུ་ཐོབ། གཙོ་བོར། ཆོས་རྗེ་མི་ཕམ་བློ་གྲོས་ལས། འབྲུག་ལུགས་ཀྱི་ཁྲིད་གདམས་ངག་ཆ་ཚང་དང༌། དབང་ལུང་མང་པོ་ཐོབ། རྩ་བའི་བླ་མར་འཛིན། བླ་མ་ཞེ་བརྒྱད་ཙམ་བསྟེན། དགུང་ལོ་ཉེར་ལྔ་ནས་ཞེ་གསུམ་བར། བྲག་གསུམ་བང་རི་འཇོག་པོའམ། འབོལ་ཆུ་མིག་ཏུ་འདག་སྦྱར་མཛད་ནས་བཅད་རྒྱར་བཞུགས། སྔོན་འགྲོ་རྣམས་འབུམ་ཐེར་རེ་སོང་བས། སྡིག་སྒྲིབ་དག་རྟགས་ཆེ་བར་བྱུང༌། གཏུམ་མོའི་རླུང་རྩོལ་སྦྱངས་པས་བདེ་དྲོད་འབར། ཡི་དམ་གྱི་ལྷ་མང་པོ་ཞིག་ལ་བསྙེན་སྒྲུབ་ཐེམས། སློབ་དཔོན་པདྨས་རྗེས་སུ་བཟུང༌། མར་འབུལ་བྱུང་ཚད་དཀར་མེ་སྦར། ནུབ་སྔས་ལ་མི་གཏད། ཤ་ཆང་ཞལ་ལ་མི་རེག འཚོ་བ་རྡོར་དཀར་རླུང་ཟས་ལ་བརྟེན། རླུང་གེགས་ཀྱིས། རྨི་ལམ་དང་ཉིན་པར། བར་དོ་དང་དམྱལ་སྣང་ཤར། ཅི་བྱེད་འདི་བྱེད་མེད་པར། སྡུག་བསྔལ་གྱི་མཚོ་རྡོལ། ཉལ་ལངས་འགྲོ་འདུག་ཅི་བྱས་མི་ཕན་པར་ཞག་བདུན་སོང༌། སྲོག་རླུང་གི་སྨན་བཏང༌། ཟས་བཅུད་ཆེན་བརྟེན། བྱུག་པ་སོགས་མན་ངག་གི་བཅོས་བྱས་པས་དྭངས། དྭགས་ལྷ་སྒམ་པོ། ཙ་རི་ཙ་གོང༌། བསམ་ཡས་མཆིམས་ཕུ། བུ་ཆུ་རྫོང་ཁ། ལཱ་མ་གནས། གནམ་ཚལ་རི་ཁྲོད། ཤེལ་སྟོད་ལྷ་སྡིངས་སོགས་སུ། གཏེར་ལུང་མང་དུ་བྱུང་རུང་བཞག། ཆོས་རྗེ་མི་ཕམ་བློ་གྲོས་ཀྱིས། རྒྱུད་བསྐུལ་ཏེ་གཏེར་གྱི་ཐོག་མར། མཚོ་རྒྱལ་གྱི་ཕྱག་བྲིས་དང༌། གཏེར་གྱི་ཁ་བྱང་བཞེས། བྲག་ལུང་ཧམ་འཕྲང་ལྕགས་ཀྱི་སྒོ་མོ་ནས། ཡང་ཟབ་དཀོན་མཆོག་སྤྱི་འདུས་སོགས་ཟབ་གཏེར་དུ་བཞེས། ཀོང་པོ་བུ་ཆུ་དང་ལྗོན་པ་ལུང་གི་གནས་སྒོ་དང༌། སྙེལ་མོ་ལྷ་རི། ཀོང་འཕྲང་དགེ་འདུན་གནས། དབུ་རུ་ཞྭའི་ལྷ་ཁང་སོགས་ནས། ཟབ་གཏེར་མང་པོ་ཁྲོམ་གཏེར་དུ་མཛད། ལས་འཕྲོ་གླིང་པ། ཧཱུྂ་ནག་མེ་འབར། འཇའ་ཚོན་སྙིང་པོ་ཞེས། མཚན་གསུམ་མངའ། ཆོས་རྗེ་མི་ཕམ་བློ་གྲོས། སྒམ་པོ་ཞབས་དྲུང་ནོར་བུ་རྒྱན་པ། དཔག་བསམ་དབང་པོ། ཀརྨ་པ་ཆོས་དབྱིངས་རྡོ་རྗེ། ཞྭ་དམར་ཆོས་ཀྱི་དབང་ཕྱུག འབྲི་གུང་རིག་འཛིན་ཆོས་གྲགས་སོགས་ཀྱིས། རྩོད་མེད་གཏེར་སྟོན་དུ་མངའ་གསོལ། ཟབ་ཆོས་ཉམས་སུ་བླངས་པས་འཇའ་ལུས་གྲུབ་པ་མང་པོ་བྱུང༌། རྗེ་ཉིད་རྟེན་དགེ་སློང་དུ་བཞུགས། བང་རི་འཇོག་པོར་སྒྲུབ་སྡེ་གསར་དུ་བཏབ་ནས། དགུང་ལོ་དོན་གཉིས་པ་མེ་སྤྲེལ་ ༡༦༥༦ ལོར་མྱ་ངན་འདའ་བའི་ཚུལ་བསྟན་ཏོ། །སློབ་མ་ཡང་གོང་དུ་སྨོས་པ་རྣམས་དང༌། སྒམ་པོ་བཟང་པོ་རྡོ་རྗེ། རྒོད་ཚང་སྣ་ཚོགས་རང་གྲོལ་སོགས་མཁས་གྲུབ་ཤིན་ཏུ་མང་པོ་བྱུང་ངོ༌། ། |
{{#arraymap:རིག་འཛིན་འཇའ་ཚོན་སྙིང་པོ་
|; |@@@ | | }}