74524

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིགས་པ་གསུམ་ (1)
Part of speech མིང་ཚིག
Definition མདོ། ཐལ་འགྱུར་པ། ཉན་རང་ལ་ཆོས་ཀྱི་བདག་མེད་ཕྲ་མོ་མངོན་སུམ་དུ་རྟོགས་པ་མེད་པར་འདོད་ན། འཇུག་པ་རང་འགྲེལ་ལས་བཀག་པའི་རིགས་པ་གསུམ་ནི། སེར་སྨད་དབུ་མ་སྤྱི་དོན་ལས། ༡ ཤེས་བྱ་ཆོས་ཅན། བྱང་སེམས་ས་དང་པོ་བ་དེས་ཅི་ཡང་མེད་མན་ཆད་ལ་ཆགས་པ་མངོན་གྱུར་བ་དང་བྲལ་བའི་ཕྱི་རོལ་པ་བཞིན་དུ། ཉན་རང་དགྲ་བཅོམ་པ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ཟིལ་གྱིས་གནོན་ནུས་པར་ཐལ། དེ་གཉིས་པོ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་མཚུངས་པ་གང་ཞིག ། བྱང་སེམས་དེ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར། རྟགས་དང་པོ་དེར་ཐལ། ཉན་རང་དགྲ་བཅོམ་པ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་པའི་ཕྱིར། ༢ ཉན་རང་དགྲ་བཅོམ་པ་ཆོས་ཅན། ཕྱི་རོལ་པ་བཞིན་དུ་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་མ་སྤངས་པར་ཐལ། དེ་ཐམས་ཅད་ཀྱི་རྩ་བར་གྱུར་པའི་དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་རྟོག་པ་དང་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་ལམ་མ་རྙེད་པའི་ཕྱིར། དེར་ཐལ། དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། ༣ གཞན་ཡང༌། དེ་ཆོས་ཅན། གང་ཟག་གི་བདག་མེད་རྫོགས་པར་མ་རྟོགས་པར་ཐལ། གང་ཟག་རང་བཞིན་མེད་པར་མངོན་སུམ་དུ་མ་རྟོགས་པའི་ཕྱིར། དེར་ཐལ། གདག་གཞི་ཕུང་པོ་རང་ངོས་ནས་གྲུབ་པར་འཛིན་པའི་ཞེན་ཡུལ་སུན་འབྱིན་མི་ནུས་པའི་ཚུལ་གྱི་ཕྱིན་ཅི་ལོག་གིས་བཅིངས་པ་ཡིན་པའི་ཕྱིར། དེར་ཐལ། ཕུང་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། ཐལ་འགྱུར་སྔ་མ་ལ་ཁྱབ་པ་ཡོད་དེ། གདགས་གཞི་ཕུང་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་རྟོག་པའི་ཞེན་ཡུལ་སུན་ཕྱུང་མི་ནུས་པ་ཇི་སྲིད་འཇུག་གི་བར་དུ། བཏགས་ཆོས་གང་ཟག་རང་ངོས་ནས་གྲུབ་པར་འཛིན་པའི་རྟོག་པའི་ཞེན་ཡུལ་སུན་ཕྱུང་མི་ནུས་པར་འཇུག་པ་གང་ཞིག ། དེ་ཇི་སྲིད་འཇུག་གི་བར་དུ་དེའི་དབང་གིས་ལས་གསོག ། ལས་དེའི་དབང་གིས་འཁོར་བར་འཁོར་བའི་ཕྱིར། དེ་སྐད་དུ་ཡང༌། ས རང་འགྲེལ་ལས། ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཡང་ཡོད་དོ། །ཞེས་བྱ་བར་གསལ་བར་ངེས་ཏེ། དེ་ལྟ་མ་ཡིན་ན། དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར། དེ་དག་ཀྱང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང༌། རང་གི་བློས་རྣམ་པར་དཔྱད་པས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ཕྱི་རོལ་པ་བཞིན་དུ་འདི་དག་གིས་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་སྤང་བར་ཡང་མི་འགྱུར་རོ། །གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར། གང་ཟག་གི་བདག་མེད་པར་རྟོགས་པར་ཡང་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུའི་ཕུང་པོ་ལ་དམིགས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཕྱི་མ་དེར་ཐལ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།