74804

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིན་ཆེན་སྒྲོན་མ་འཁོར་བ་དོངས་སྤྲུག་གི་མདོ་ (1)
Part of speech མིང་ཚིག
Definition མདོ་འབུམ་རྒྱུད་མཛོད་བཞི་རུ་བསྡུས་པའི་བོན་གྱི་བཀའ་འགྱུར་ཆེན་མོ་ལས་མདོ་སྡེ་བཀའ་པོད་ཞིག་ཡིན། ཀུན་གྲོལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོས་པར་བཏབ་གནང་པའི་བཀའ་འགྱུར་པོད་གྲངས་བརྒྱ་དང་དོན་བདུན་ཡོད་པའི་པོད་དྲུག་ཅུ་པ་ནི་ཡིན་ནོ། །མདོ་སྡེ་ཉིད་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་གསུངས་ཏེ། སྟོན་པ། སྟོན་པ་གཤེན་རབ་མི་བོ་མཆོག་(འཁྲུངས་འདས་ཕྱི་ལོའི་སྔོན༡༦༠༡༧-༧༨༡༧)་གིས་གསུངས་པ། གནས། འོལ་མོ་ལུང་རིང་གི་ནུབ་ཕྱོགས་མུ་ཁྱུད་བདལ་བའི་མཚོ་གླིང་གསས་ཁང་དཀར་ནག་བཀྲ་གསལ་དུ་གསུངས་པ། དུས། བསྟན་པ་རྣམ་གསུམ་རྗེས་བཞག་(ཕྱི་ལོའི་སྔོན ༡༣༥༡༦ ལ་བསྟན་པ་རྗེས་བཞག་མཛད། )སྐབས་སུ་གསུངས་པ། འཁོར། རྒྱ་ཀོང་ཙེ་འཕྲུལ་རྒྱལ་སོགས་ལ་གསུངས་པ། བཀའ། མདོ་སྡེ་འདི་ཉིད་དོ། །མདོ་སྡེ་འདི་ཉིད་ལེའུ་བདུན་གྱིས་བསྡུས་ཏེ། ལེའུ་དང་པོ་ནི། བྱུང་ཁུངས་ལོ་རྒྱུས་ཙམ་མོ། །ལེའུ་གཉིས་པ་ནི། སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་ཆོ་ག་བསྟན་པའོ། །ལེའུ་གསུམ་པ་ནི། གཞུང་འདིའི་ལྟ་སྒོམ་སྤྱོད་འབྲས་བཞིའི་རྣམ་བཞག་བསྟན་པའོ། །ལེའུ་བཞི་བ་ནི། ཚིག་བཤད་དང་མ་ཏྲིའི་སྙིང་པོར་སྦྱར་ནས་སྒྲིབ་སྦྱང་བྱེད་པའི་རྣམ་བཞག་ཞིག་སྟེ། དེ་ལ་བཟླས་ཆོག་རིན་ཆེན་སྒྲོན་མ་ཞེས་བྱའོ། །ལེའུ་ལྔ་བ་ནི། གཟུངས་སྔགས་རིན་ཆེན་སྒྲོན་མ་བསྟན་པའོ། །ལེའུ་དྲུག་པ་ནི། མན་ངག་རིན་ཆེན་སྒྲོན་མ་བསྟན་པའོ། །ལེའུ་བདུན་པ་ནི། འཇིག་རྟེན་དཔལ་མགོན་གྱི་ཆོ་ག་བསྟན་པའོ། །ལེའུ་བརྒྱད་པ་ནི། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ། སྟོན་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་མཚན་དཔེ་ཡོན་ཏན་སོགས་ལ་བསྟོད་པ་དང་། སྟོན་པས་ཀྱང་རྗེས་འཇུག་དག་ལ་བཀའ་རྣམས་གཉེར་གཏད་ཀྱི་རྣམ་བཞག་གོ ། ཕྱིས་སུ་སྤྲུལ་སྐུ་བློ་ལྡན་སྙིང་པོ་(འཁྲུངས་ཚིགས་ཕྱི་ལོ་༡༣༦༠)ལ་སྙན་དུ་བརྒྱུད་ནས་དར་རྒྱས་སུ་ཕྱིན་ཡོད།