74890

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ (1)
Part of speech མིང་ཚིག
Definition མཚན་ཉིད་ནི། མཐོང་ལམ་ཐོབ་རྗེས་སུ་འདོད་ཉོན་དྲུག་པ་སྤངས་པའི་ཉན་ཐོས་འབྲས་གནས་གང་ཞིག། འདོད་ཉོན་དགུ་པ་དང་བསམ་གཏན་དང་པོའི་ཉོན་མོངས་དང་པོ་སྤང་དགོས་པ་དེ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད། སྤངས་བའི་སྒོ་ནས་དབྱེ་ན། འདོད་ཉོན་དྲུག་པ་སྤངས་བ་དང། བདུན་པ་སྤངས་པ། བརྒྱད་པ་སྤངས་བ་དང་གསུམ་མོ། །རྟོགས་པའི་སྒོ་ནས་དབྱེ་ན། འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པ་དང། དེའི་རྗེས་ཐོབ་ལ་གནས་པ་གཉིས། བདུན་པ་དང་བརྒྱད་པ་གཉིས་ལ་སྦྱོར་བའི་ལམ་ལ་གནས་པ་སོགས་བཞི་བཞི། དགུ་པ་སྤངས་བའི་སྦྱོར་བའི་ལམ་དང་། བར་ཆད་མེད་ལམ་ལ་གནས་པ་གཉིས་ཏེ་བཅུ་གཉིས་སོ། །སྤངས་བའི་ཁྱད་པར། འདོད་པའི་སྒོམ་སྤང་དྲུག་པ་སྤངས་ཤིང། བདུན་པ་དང་། བརྒྱད་པ་སྤངས་མ་སྤངས་ཅི་རིགས། དགུ་པ་མ་སྤངས་པའོ། །རྟོགས་པའི་ཁྱད་པར་ནི། འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ཐོབ་ཅིང། དགུ་པ་སྤངས་པའི་རྣམ་གྲོལ་ལམ་མ་ཐོབ་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། ། ༢ འབྲས་གནས་ནི་རྒྱུན་ཞུགས་དེ་ཉིད་འདོད་པའི་རྣམ་པ་དྲུག་པ་ཟད་པར་གྱུར་ཅིང་ལྷག་མ་མ་སྤངས་ཀྱང་དེ་ནི་ལན་གཅིག་ཕྱིར་འོང་བའོ། །དེ་ནི་ལྷ་དག་གི་ནང་དུ་སོང་ནས་མིའི་འཇིག་རྟེན་དུ་ལན་གཅིག་འོང་བས་ན་ལན་གཅིག་ཕྱིར་འོང་ངོ་། །དེའི་ཕྱིར་འདོད་པར་ལན་གཉིས་སྐྱེ་བ་(མི)སྲིད་དོ། །མདོ་ལས། ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར་དང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་བསྲབས་པའི་ཕྱིར་ལན་གཅིག་ཕྱིར་འོང་བའོ་ཞེས་གསུངས་པ་ནི་ཉོན་མོངས་པ་ཆུང་ངུའི་རྣམ་པ་གསུམ་ཅི་རིགས་པར་ལུས་པའི་ཕྱིར་རོ། །ཕྱིར་འོང་དེ་ཉིད་སྤངས་པ་ལས་ཉེས་ཆ་ཉོན་མོངས་པ་བདུན་ནམ་བརྒྱད་ཟད་པ་དང་གཉེན་པོ་ལས་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་དང་། སྐྱེ་བ་ལས་ཚེ་གཅིག་ལུས་པ་སྟེ་རྒྱུ་གསུམ་གྱིས་བར་ཆད་གཅིག་པ་ཞེས་བྱའོ། །གལ་ཏེ་རྣམ་པ་གཅིག་གིས་འབྲས་བུ་ལ་གེགས་བྱ་བར་ནུས་ཤེ་ན། དེ་སྤོང་བ་ལ་ཁམས་ལས་འདའ་བ་ཅིག་དགོས་པ་དེ་དཀའ་བའི་ཕྱིར་རོ། །དེའི་རྒྱུ་མཚན་ནི་དེ་དང་ལས་གཉིས་ལྷན་ཅིག་འདོད་པར་རྣམ་སྨིན་དང་རྒྱུ་མཐུན་འབྲས་བུ་འབྱིན་པའི་ས་དེ་ལས་འདའ་དགོས་པའི་ཕྱིར་རོ། །དེས་ན་གཉིས་དང་གཅིག་ལུས་པ་ནི་རིམ་པ་བཞིན་ལྷག་མེད་མྱང་འདས་ཐོབ་པ་ལ་ཚེ་གཅིག་གིས་ཆོད་པ་དང་། ཕྱིར་མི་འོང་འབྲས་བུ་ཐོབ་པ་ལ་རྣམ་པ་གཅིག་གིས་ཆོད་དེ་བར་ཆད་གཅིག་ཡོད་པས་ན་བར་ཆད་གཅིག་པའོ་ཞེས་བཤད་དོ་ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།

{{#arraymap:རིམ་གྱིས་པའི་ཕྱིར་འོང་འབྲས་གནས་

|; |@@@ | | }}