74892

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ (1)
Part of speech མིང་ཚིག
Definition སྤངས་པའི་ཁྱད་པར་ནི། མཐོང་སྤངས་ཉོན་མོངས་མ་ལུས་པ་སྤངས་ཤིང་འདོད་པའི་སྒོམ་སྤངས་ཅུང་ཟད་ཀྱང་མ་སྤངས་པའམ་དང་པོ་ནས་ལྔ་པའི་བར་སྤངས་མ་སྤངས་ཅི་རིགས་ཡོད་ལ་དྲུག་པ་མ་སྤངས་པའོ། །རྟོགས་པའི་ཁྱད་པར་ནི། ལམ་ལ་རྗེས་ཤེས་ཀྱི་རྟོགས་པ་ཐོབ་ཅིང་འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་མ་ཐོབ་པའོ། །མཚན་ཉིད། བཅུ་དྲུག་པའི་རྟོགས་པ་ཐོབ་ཅིང་འདོད་ཉོན་དྲུག་པ་སྤང་དགོས་པའི་ཉན་ཐོས་གང་ཞིག འབྲས་བུ་ཕྱི་མ་གསུམ་མངོན་དུ་བྱེད་པའི་རིགས་ཅན་ནོ། །དབྱེ་བ་ལ། སྤངས་བའི་སྒོ་ནས། འདོད་པའི་སྒོམ་སྤངས་ཅུང་ཟད་ཀྱང་མ་སྤངས་པ་ནས་ལྔ་པ་སྤངས་བའི་བར་དྲུག་གོ ། རྟོགས་པའི་སྒོ་ནས། བཅུ་དྲུག་པའི་རྟོགས་པ་ལ་གནས་པ། དེའི་རྗེས་ཐོབ་ལ་གནས་པ། འདོད་ཉོན་དང་པོ་ནས་ལྔ་པའི་བར་རེ་རེ་ལ་ཡང་དེ་སྤེལ་བའི་སྦྱོར་བའི་ལམ། བར་ཆད་མེད་པའི་ལམ། རྣམ་པར་གྲོལ་བའི་ལམ། དེའི་རྗེས་ཐོབ་ལ་གནས་པ་སྟེ་བཞི་བཞི། འདོད་ཉོན་དྲུག་པ་སྤོང་བའི་སྦྱོར་བའི་ལམ། བར་ཆད་མེད་པའི་ལམ་ལ་གནས་པ་གཉིས་ཏེ། ཉི་ཤུ་རྩ་བཞིའོ། །དབང་པོའི་སྒོ་ནས། དད་པས་མོས་པ། མཐོང་བའི་ཐོབ་པ་གཉིས། རིགས་ཀྱི་སྒོ་ནས། ཡོངས་སུ་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་རིགས་ཅན་ནས་མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པའི་རིགས་ཅན་གྱི་བར་དྲུག དེ་ལ་དང་པོ་ལྔ་ནི་དད་མོས་སུ་འདུས། ཕྱི་མ་ནི་མཐོང་ཐོབ་ཏུ་འདུའོ། །ལམ་ལ་བརྩོན་མི་བརྩོན་གྱི་སྒོ་ནས་དབྱེ་ན། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་བ་དང་ཁྱད་པ་ཅན་གཉིས། རྟེན་གྱི་སྒོ་ནས། འདོད་ལྷ་རིགས་དྲུག། གླིང་གསུམ་གྱི་མིའི་རྟེན་ཅན་ཏེ་དགུའོ། །སྐྱེ་བ་ལེན་ཚུལ་གྱི་སྒོ་ནས། འདིར་སྐབས་སུ་བབ་པ་ལ། སྲིད་པ་ལན་བདུན་པ་དང། རིགས་ནས་རིགས་སྐྱེ་གཉིས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། །
Domain ཆོས་ལུགས།