75057
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་དགོངས་པ་འདུས་པར་བྱུང་ཚུལ་བཅུ་གཉིས་གསུངས་པའི་གདུལ་བྱ་སྐབས་ལ་བབ་པའི་ཚེ་ནའང་གསང་སྔགས་བྱུང་ཞེས་པའི་གདུལ་བྱའི་རུདྲ་འདི་ཉིད་ཡིན། འདི་མ་བཏུལ་ན་འཇིག་རྟེན་ཕུང་ལ་སྦྱོར་ཞིང་འདུལ་བྱེད་དུ་རྒྱལ་བའི་དབང་དྲག་ཕྲིན་ལས་རྨད་དུ་བྱུང་བ་ལས་རྡོ་རྗེ་ཐེག་པ་འབྱུང་བ་སྟེ། དེ་ལ་ཐོག་མར་རུདྲར་སྐྱེ་བའི་རྒྱུ་གསོག་ཚུལ་ནི། སྔོན་འདས་པའི་བསྐལ་པ་ཀུན་དགའ་ཞེས་པར་ཞིང་ཁམས་མངོན་པར་དགའ་བའི་སྟོན་པ་མི་བསྐྱོད་པའི་བསྟན་པ་གནས་པའི་ཚེ་ཐར་པ་ནག་པོ་དང་གཡོག་དན་ཕག་གཉིས་པོ། དགེ་སློང་ཐུབ་དཀའ་གཞོན་ནུ་ལས་གསང་སྔགས་ཀྱི་གདམས་པ་ནོས་ཤིང་ཐར་པ་ནག་པོ་རབ་ཏུ་བྱུང། དན་ཕག་དགེ་བསྙེན་དུ་ཞུགས་ནས་ཐར་པའི་དུས་འཛིན་དུ་བཟུང་ཞིང་གཡོག་བྱས། ཕྱིས་ཐར་པ་ནག་པོ་ལྟ་སྤྱོད་གོལ་ཞིང་བླ་མ་དང་གཡོག་བཅས་གནས་ནས་བསྐྲད། རང་ཉིད་ལྔ་ཕྲག་གི་དངོས་པོ་བཞི་ལ་རང་དགར་འཇོལ་ཉོག་ཏུ་སྤྱད་པ་སོགས་ཀྱིས་རྒྱུ་བྱས། དེ་ནས་བཟུང་ཐར་པ་ནག་པོ་བརྩིས་པའི་སྐྱེ་བའི་སྐབས་མི་འདྲ་ཉེར་བཞིར་སྐྱེ་བ་བཞི་སྟོང་ལྔ་བརྒྱ་བཅུ་བཞིའི་རིང་ཚེ་ཚད་བསྐལ་པ་འབུམ་ཕྲག་དགུ་དང་དྲུག་ཁྲི་སྙེད་དུ་ངན་སོང་སྐྱེ་བ་བརྒྱུད་མཐར་སྐྱེ་བའི་སྐབས་ཉེར་ལྔ་པར་ཡུལ་ལང་ཀ་པུ་རིར་སྨད་འཚོང་མ་ཞིག་ལས་སྐྱེས་པའི་ཟླ་དགུ་ནས་མ་ཤི་བའི་ཤ་རྗེན་ཟོས་པས་མ་ཟན་མ་ཏང་ཀར་གྲགས། རྒྱུད་ཡི་དྭགས་སུ་གཏོགས་པ་ལུས་ཆེ་མདོག་སྔོ་སྐྱ་ལ་ཕག་གི་སྤུ་དང་བྱའི་གཤོག་པ་ཅན། ཡན་ལག་སྦྲུལ་གྱིས་བརྒྱན་པ་སེན་མོ་ཀང་ཀའི་མཆུ་སྡེར་ཅན་ཁྲག་ཞག་ཐིག་ལེས་བརྒྱན་པ་སོགས་དྲག་པོ་དུར་ཁྲོད་ཀྱི་ཆས་ཀུན་རྫོགས་ཤིང་ཤ་ཁྲག་ཟས་སུ་རོལ་པ། གདུག་ཅིང་གཏུམ་ལ་འཇིག་རྟེན་དབང་དུ་འདུས་ནས་ཕུང་ལ་སྦྱོར་ནུས་པ་ཞིག་གྱུར། དེ་ཚེ་ཐུབ་དཀའ་གཞོན་ནུ་རྡོ་རྗེ་སྙིང་པོར་གནས་གྱུར་པ་དེས་ཞི་བས་འདུལ་ཐབས་བྱས་ཀྱང་མ་ཐུལ། གཡོག་དན་ཕག་རྩལ་ཆེན་རྫོགས་པའི་རྒྱལ་ཚབ་སྐྱེས་བུ་དམ་པ་ཕྱག་ན་རྡོ་རྗེར་གནས་གྱུར་པ་དེས་ཁྲོ་བོ་སྨེ་བརྩེགས་སུ་སྤྲུལ་པའི་སྲས་རྡོ་རྗེ་སྲིན་པོས་བསྒྲལ་ཅིང་སླར་གསོས་པས་སྲོག་སྙིང་ཕུལ། མཚན་རྡོ་རྗེ་རོ་ལངས་དུར་ཁྲོད་ཀྱི་བདག་པོར་གསོལ་ཞིང་བྱིན་གྱིས་བརླབས། གདམས་པ་གནང་རྡོ་རྗེ་ཐེག་པའི་བཀའ་སྲུང་དུ་བཅུག བསྐལ་པ་བཟང་པོ་འདི་མ་རྫོགས་བར་ནང་ལྟར་རྩལ་ཆེན་རྫོགས་པའི་སར་གནས་ཀྱང་ཕྱི་ལྟར་དགེ་བརྙེན་མགོན་པོ་ལེགས་ལྡན་ནག་པོར་གྱུར་ནས་བསྟན་སྲུང་མཛད། བསྐལ་པ་འདི་རྫོགས་པ་དང་སློབ་ལམ་མཐར་ཕྱིན་ནས་འོག་ཕྱོགས་འཇིག་རྟེན་གྱི་ཁམས་ཐལ་བས་ཁེབས་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་ཐལ་བའི་དབང་པོའི་དབྱིངས་ཞེས་བྱ་བར་སངས་རྒྱས་པའི་ལུང་བསྟན་ཐོབ། འདིའི་གཏམ་རྒྱུད་དགོངས་འདུས་ལེའུ་ཉི་ཤུ་ནས་སོ་གཅིག་བར་རྒྱས་པར་གསལ། རུདྲ་ཐར་པ་ནག་པོའི་མིང་གི་རྣམ་གྲངས་ལ། མ་ཟན་མཏཾག ཡི་དྭགས་བྱ་ཡི་ཤོག་པ་ཅན། སྲིན་པོ་བྱའི་ཤོག་པ་ཅན། གནོད་སྦྱིན་བྱའི་ཤོག་པ་ཅན། མ་ཏང་ཀ་རུཏྲ། བདུད་པོ་རུཏྲ་ནག་པོ། རུདྲ་ཐར་པ་ནག་པོ། ནག་པོ་རུདྲ་བཅས་ཟེར། |
| Domain | ཆོས་ལུགས། |