75129

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རུང་བ་མ་ཡིན་པའི་གཞི་བཅུ་རུང་བར་སྟོན་པ་བཅུ་ (1)
Part of speech མིང་ཚིག
Definition འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། ༡ ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ཨ་ལ་ལ་ཞེས་བྱ་བ་ནི་རུང་བར་བྱས་ནས། མི་མཐུན་པས་ཆོས་མ་ཡིན་པ་དང༌། མཐུན་པས་ཆོས་མ་ཡིན་པ་དང༌། མི་མཐུན་པས་ཆོས་ཀྱི་ལས་བྱེད་དེ། འདི་ནི་གཞི་དང་པོ་མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག ། འདུལ་བ་ལ་མི་སྣང༌། ཆོས་ཉིད་དང་འགལ་ཏེ། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པར་རུང་བར་ཡོངས་སུ་སྟོན་ཅིང༌། ཀུན་ཏུ་སྤྱོད། རབ་ཏུ་སྤྱོད་དོ། །༢ ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས། ཚེ་དང་ལྡན་པ་དག་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་བར་བྱོས་ཤིག ། ཅེས་ཉེ་འཁོར་གྱི་དགེ་སློང་རྣམས་རྗེས་སུ་ཡི་རང་བྱེད་དུ་འཇུག་ཅིང༌། རྗེས་སུ་ཡི་རང་བ་རུང་བར་བྱས་ནས། མི་མཐུན་པས་ཆོས་མ་ཡིན་པ་དང༌། མཐུན་པས་ཆོས་མ་ཡིན་པ་དང༌། མི་མཐུན་པས་ཆོས་ཀྱི་ལས་བྱས་ཏེ། འདི་ནི་གཞི་གཉིས་པ་མདོ་སྡེ་ལས་འདས་པ་སོགས་གོང་ལྟར་སྦྱར་རོ། །༣ ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རང་གི་ལག་གིས་ས་རྐོ་ཞིང༌། རྐོར་འཇུག་པར་སྤྱོད་པ་རུང་བར་བྱེད་པ་སྟེ། འདི་ནི་གཞི་གསུམ་པ་གོང་ལྟར་སྦྱར་རོ། ། ༤ ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་བྱིན་གྱིས་བརླབས་པའི་ཚྭ་དུས་སུ་རུང་བ་དང་ལྷན་ཅིག་བསྲེས་ནས་ཀུན་ཏུ་སྤྱོད་ཅིང༌། ཚྭ་རུང་བའོ། །ཞེས་བྱེད་པ་སྟེ། འདི་ནི་གཞི་བཞི་པ་གོང་ལྟར་སྦྱར་རོ། །༥ ཡང་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་དཔག་ཚད་དང༌། དཔག་ཚད་ཕྱེད་དུ་སོང་སྟེ། འདུས་ཤིང་ཟས་ཟོས་ནས་ལམ་གྱིས་རུང་བར་བྱེད་དེ། འདི་ནི་གཞི་ལྔ་པ་གོང་ལྟར་སྦྱར་རོ། །༦ ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ལྷག་མར་མ་བྱས་པའི་བཟའ་བ་དང༌། བཅའ་བ་སོར་མོ་གཉིས་ཀྱིས་རུང་བར་བྱས་ཏེ་ཟོས་ནས། སོར་མོ་གཉིས་ཀྱིས་རུང་བར་བྱེད་དེ། འདི་ནི་གཞི་དྲུག་པ་གོང་ལྟར་སྦྱར་རོ། །༧ ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་སྲིན་བུ་པད་པ་བཞིན་དུ་ཆང་བཞིབས་ཏེ་འཐུངས་ནས་ནད་པས་རུང་བར་བྱེད་དེ། འདི་ནི་གཞི་བདུན་པ་གོང་ལྟར་སྦྱར་རོ། །༨ ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་འོ་མ་བྲེ་གང་དང༌། ཞོ་དེ་གང་དཀྲུགས་ནས་དུས་མ་ཡིན་པར་ཟ་ཞིང༌། བསྲེས་པས་རུང་བར་བྱེད་དེ། འདི་ནི་གཞི་བརྒྱད་པ་གོང་ལྟར་སྦྱར་རོ། །༩ ཡང་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་གདིང་བ་རྙིང་བ་བདེ་བར་གཤེགས་པའི་མཐོ་གང་གིས་འཁོར་བས་གདིང་བ་གསར་པ་ལ་མ་གླན་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང༌། གདིང་བས་རུང་བར་བྱེད་དེ། འདི་ནི་གཞི་དགུ་པ་གོང་ལྟར་སྦྱར་རོ། །༡༠ ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ལྷུང་བཟེད་གང་དག་ཟླུམ་པོ་དག་པ། སྤྱད་པར་འོས་པ་དེ་དག་དྲིས་བསྐུས་ནས། བདུག་པ་ཞིམ་པོས་བདུགས་ཏེ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། དགེ་སྦྱོང་གི་མགོ་བོ་ལ་ཁྲེའུ་སྟན་དང་བཅས་པའི་སྟེང་དུ་བཞག་ནས་ལམ་པོ་ཆེ་དང༌། སྲང་དང༌། གཞི་མདོ་དག་བསྐོར་ནས། འདི་སྐད་ཅེས་བསྒྲགས་སོ། །གྲོང་ཁྱེར་དང་ཡུལ་སྣ་ཚོགས་ནས་འོངས་པའི་སྐྱེ་བོ་མང་པོ་ཡངས་པ་ཅན་ན་གནས་པའི་ཤེས་ལྡན་དག་ཉོན་ཅིག ། ལྷུང་བཟེད་འདི་ནི་ལྷུང་བཟེད་བཟང་པོ་ཡིན་ཏེ། འདིར་བྱིན་ཞིང་ཤིན་ཏུ་བྱིན་ནས། གང་གིས་འདིར་བླུགས་པ་བྱས་ན་དེ་དག་གིས་བླུགས་པ་བྱས་པས་འབྲས་བུ་ཆེ་བ་དང༌། ཕན་ཡོན་ཆེ་བ་དང༌། བརྩོན་པ་ཆེ་བ་དང༌། རྒྱ་ཆེ་བར་འགྱུར་རོ། །ཞེས་པ་དང༌། དེར་དབྱིག་དང༌། གསེར་དང༌། རིན་པོ་ཆེ་གཞན་དེ་དག་ཀྱང་རྙེད་ཅིང་ཐོབ་ནས་དེ་ལ་ལོངས་སྤྱོད་ཅིང༌། གསེར་དངུལ་གྱིས་རུང་བར་བྱེད་དེ་འདི་ནི། གཞི་བཅུ་པ་གོང་ལྟར་སྦྱར་དགོས་པའོ། །
Domain ཆོས་ལུགས།

{{#arraymap:རུང་བ་མ་ཡིན་པའི་གཞི་བཅུ་རུང་བར་སྟོན་པ་བཅུ་

|; |@@@ | | }}