75289
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚན་རྒྱས་པ་དཔལ་ལྡན་རེ་བླ་བསམ་འཕེལ་ནོར་བུ་གླིང་ནི། ཆོས་རྒྱལ་འཕགས་པའི་ཞབས་ལ་རེག་པར་གྲགས་པའི་རེ་བ་བླ་མ་ཀུན་དགའ་མི་འགྱུར་རྡོ་རྗེས་འཕགས་པས་བསྩལ་བའི་བསྲེ་མགོན་གདན་དྲངས་ཏེ། དུས་རབས་ ༡༣ པའི་ནང་མདོ་སྟོད་རྫ་ཆུའི་ཆུ་ལག་ལྕི་ཆུའི་བྱང་རྒྱུད། གུ་རུའི་གནས་ར་ཚ་དཀར་འབེལ་ལམ་ཡུལ་མིས་ར་རུག་ཅེས་འབོད་པའི་རི་ངོས་ཉིན་ན་ཕྱག་བཏབ། ཕྱིས་སྲིབ་ན་སྤོས་ཡོད། ཆོས་བརྒྱུད་ས་སྐྱ་ཡིན་ཞིང་ཆོ་ག་ཕྱག་ལེན་ཕལ་ཆེ་བ་ངོར་ཚར་འདྲེས་མ་ལྟ་བུ་ཡིན་པ་ལ་ད་ལྟ་སྒྲུབ་མཆོད་གཙོ་བོ་འཁོན་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་དང་ཕུར་བཟློག་ཡིན། ད་དུང་ཆོས་དབྱིངས་སངས་རྒྱས་རྡོ་རྗེ་དང་རེ་ཧྤ་མཁྱེན་བཟོད་སོགས་ནས་བརྒྱུད་པའི་སྨྱོང་ཆོག་ཅིག་དང་། དེ་བཞིན་ཞི་ཁྲོའི་སྒྲུབ་མཆོད། ར་ག་ཨ་སེས་མཛད་པའི་གནམ་ཆོས་ཀུན་རིག་ཆོ་ག་སོགས་ཀྱི་ཕྱག་ལེན་ཡང་ཡོད་པས་ཆོས་བརྒྱུད་རིས་སུ་མ་ཆད་པའི་ཉམས་བཞེས་ཡོད། བླ་མ་ནི་དུས་རབས་ ༡༨ པ་ཙམ་གྱི་བར་རེ་བ་བླ་མའིི་གདུང་རྒྱུད་ཀྱིས་བསྐྱངས་པར་གྲགས་ཀྱང་བླ་མ་སོ་སོའི་མཚན་མི་གསལ། དེ་རྗེས་གཤིན་རྗེ་གཤེད་ཀྱི་རྣམ་སྤྲུལ་དུ་གྲགས་པ་རེ་བ་བླ་མའིི་སྐྱེ་སྲིད་དུ་ངོས་འཛིན་བྱུང་བ་ཞལ་ཡུ་ཡིད་བཞིན་ནོར་བུ། དེའི་ཡང་སྲིད་ཏིས་ཚ་ཆོས་སྐྱོང་དར་རྒྱས། དེའི་ཡང་སྲིད་ཞལ་ཡུ་འཆི་མེད་ཡིན། ཁོང་དུས་འགྱུར་གོང་ནས་འཕགས་ཡུལ་ཕྱོགས་སུ་ཕེབས་པས། གྲུབ་ཆེན་བཻ་བྱམས་པ་སངས་རྒྱས་ཀྱིས་དགོན་པར་གཟིགས་ནས་གཙུག་ལག་ཁང་གོང་མ་བཞེངས་ཤིང་ཕུར་པའི་སྒྲུབ་མཆོད་བཙུགས་པ་སོགས་བསྟན་པ་ཤིན་ཏུ་རྒྱས་པར་མཛད། དེ་དུས་ཐེ་རུ་ཡོན་རབ་ཀྱིས་དབུས་པའི་རྣལ་འབྱོར་བ་ཞལ་ཡུ་ཐུབ་རྒྱལ། ཀེ་ཤེས་དགེ་རྒྱམ། བུ་མང་འཕྲིན་ལས། རུ་ཚུལ་ཁྲིམས་རྒྱ་མཚོ། རུ་ཐབས་མཁས། ཁོ་ཕྷ་ཚུལ་ཁྲིམས། བཱཻ་བྱམས་པ་བཟང་པོ། རེ་ཧྤ་སྐུ་རིམ། རེ་ཧྤ་ཤེས་རབ་ཉི་མ། ཞལ་ཡུ་བློ་ཐར། ཞལ་ཡུ་བློ་སྙིང་། ཞལ་ཞུ་མཁྱེན་རབ་བློ་གསལ་སོགས་གྲུབ་པའི་གོ་འཕང་མཐོན་པར་གཤེགས་པ་མང་པོ་ཡོད། དུས་འགྱུར་བྱུང་རྗེས་བླ་མ་ཀུན་ཆོས་དང་དབུ་ཆེན་རྡོར་རྒྱམ། མགོན་བླ་ཡོན་ཚུལ་གསུམ་གྱི་ཐུགས་ཁུར་འོག་བསྟན་དགོན་སླར་གསོ་བྱུང་ཞིང་། བྱམས་པ་སངས་རྒྱས་ལ་ཡང་སྤྲུལ་གཉིས་བྱོན་པ་ལས་གསལ་བྱེད་རིན་པོ་ཆེ་དགོན་པར་འཁོད་མ་ཐུབ་པས་ལམ་འབྲས་པ་སྐྱབས་རྗེ་ཉི་མ་འོད་གསལ་མཆོག་གིས་གཙོ་འགན་བཞེས་ནས་རེ་ཕྷ་(ཧྥ་)བླ་མའི་སྐུ་ཕྲེང་ལྔ་པ་མཁན་སྤྲུལ་སྒྲུབ་བརྒྱུད་བསྟན་འཛིན་རྣམ་རྒྱལ་མཆོག་གིས་དབུས་མཁན་པོ་དང་། སློབ་དཔོན་དང་སྐྱོར་དཔོན་སོགས་མཁན་བླ་བཅུ་ཕྲག་ལྷག་གི་གཟིགས་སྐྱོང་འོག་བགྲེས་པ་ཚོས་མཐོང་བ་བརྒྱུད་པའི་ཕྱག་ལེན་གནང་ཞིང་། སྐུ་ན་སོན་པ་རྣམས་ཐུགས་མོས་བཞིན་གདན་ས་ཁག་ཏུ་ཐོས་བསམ་གནང་ཁར་བསྐྱོད་ཅིང་། གྲྭ་ཆུང་རྣམས་དགོན་པའི་སློབ་ཆུང་ནང་འབྲི་ཀློག་སྦྱོང་བཞིན་ཡོད། |