75582

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རོག་ཤེས་རབ་འོད་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་མེ་ཁྱི་ཕྱི་ལོ ༡༡༦༦ ལོར་ཡབ་རོག་བཀྲ་ཤིས་གྲགས་པའི་སྲས་སུ་འཁྲུངས། དགུང་ལོ་ལྔ་པར་མེས་པོ་རོག་ཤེས་རབ་བླ་མ་ལས་ཡིག་རྩིས་རྣམས་ལེགས་པར་བསླབས། བདུན་པར་ཀློག་ལ་ཉིན་གཅིག་ལ་ཉི་ཁྲི་ཚར་གཅིག་འདོན་ཐུབ། བཅུའི་བར་དུ་ཡང་མེས་གཉིས་ལས་གསང་སྔགས་ཀྱི་ཆོས་རྣམས་གསན། བཅུ་གསུམ་བར་དུ་ཕུར་པའི་བསྙེན་མཚམས་མཛད་པས་གྲུབ་རྟགས་མང་དུ་བྱུང་། རོགསྟོན་བཙན་པོ་ལས་སོ་ལུགས་ཀྱི་མདོ་སྒྱུ་སེམས་གསུམ་དང་། སྒྲུབ་ཐབས་རྣམ་གསུམ་དང་། རོག་སྟོན་ཀླུ་སྦྱིན་ལས་བདེ་མཆོག་མར་དོ་ལུགས་བཅས་གསན། བཅོ་ལྔ་པར་ལྷབ་འདྲེས་མ་གོང་བ་ལས་སྔར་འགྱུར་གྱི་རྒྱུད་ལྔ་དང་། བདུད་རྩི་ཁམས་ལུགས། རྟ་མགྲིན་ལྷ་བཞི། སྒྲོན་སྤྲུལ་བཅས་གསན། བཅུ་དྲུག་པར་སློབ་དཔོན་ཡམ་ཤུད་དངོས་གྲུབ་ལས་མདོསྒྱུ་ཟུར་ལུགས་གསན། བཅུ་བདུན་པར་སྐྱང་པོ་དར་མ་གྲགས་ལས་འཇམ་དཔལ་སྒེག་པའི་ཆོས་བཞི་དང་། སྨྲྀ་ཏིའི་ཆོས་དྲུག་གསན། བཅུ་དགུ་པར་ལང་སྟོན་ཇོ་པད་དང་། རྒྱ་བསོད་ནམས་འབར། སློབ་དཔོན་ཇོ་དར། གཙང་ནག་པ་བརྩོན་འགྲུས་སེང་གེ། གྲུབ་ཐོབ་དངོས་གྲུབ་བཅས་ལས་མངོན་པ་ཀུན་བཏུས་གསན། གྲྭ་ཐང་དུ་འཆད་ཉན་མཛད། དགེ་བཤེས་མཐའ་བཞི་བ་ལས་ཕར་ཕྱིན་དང་དབུ་ཚད། ནཱ་རོའི་ཐབས་ལམ་ཞུས་པས་གདམས་ངག་ལ་འཕྲིག་ཚུད། ཉེར་བརྒྱད་པར་འཆུས་པ་བརྩོན་འགྲུས་སེང་གེ་ལས་རྨ་སོ་སྐམ་གསུམ་གྱི་གདམས་ངག་རྣམས་རྫོགས་པར་གསན། སོ་གཉིས་པར་གྲ་ཕྱིའི་སློབ་དོན་རོ་བྷེ་ལད་བདེ་མཆོག་ལྷ་བཅུ་གསུམ་མ་དང་། ཏིང་བུའི་དོ་ཧ། ལོ་རོ་བའི་ཆོས་བཞི། འཕོ་བསྲེ། ཐུན་འཇོག སྙན་བརྒྱུད་ཡུམ་སྐོར། རྣམ་འཇོམས་སྣུར་ལུགས། འཚུར་གྱི་ཤོག་དྲིལ་བཞི་བཅས་ཞུས། བཞི་བཅུ་པར་རྒྱལ་ཚ་མདོ་དབང་གིས་སྙེ་མདོ་ཕུལ་བ་བཞེས་ནས་གདན་ས་སྨྲ་བའི་སེང་གེ་ལ་གཏད། ཞེ་དགུ་པ་ཤེས་རབ་བརྩོན་འགྲུས་སོགས་སློབ་མ་མང་དུ་བསྐྱངས། རེ་བརྒྱད་པར་ཆོས་གྲྭ་སུམ་ཅུ་ཙམ་ལ་ཆོས་འཁོར་བསྐོར། སྒྱུ་འཕྲུལ་ལམ་རིམ་གྱི་ཊཱིཀྐ་དང་གཞི་ལམ་གྱི་སྟོང་ཐུན་བཅས་བརྩམས། དོན་དགུ་པ་རབ་བྱུང་བཞི་པའི་ཤིང་འབྲུག་ཕྱི་ལོ་ ༡༢༤༤ ལོར་སྐུ་གཤེགས། ཞི་བྱེད་བརྒྱུད་པ་ཕྱི་མའི་སྐབས་ཀྱི་བརྒྱུད་པ་སྤེལ་མཁན་ཡིན།