76318

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒུ་རུ་དགོན་ (1)
Part of speech མིང་ཚིག
Definition རྒུ་རུ་བླ་མའི་གདུང་སྲས་སྔགས་འཆང་བསྟན་པ་རྒྱལ་མཚན་གྱིས་སྔགས་པ་མང་པོ་བསྡུས་ཏེ་རྒུ་རུ་སྤྱི་པ་གསར་འཛུགས་བྱས། ཡབ་ཀྱིས་གནང་བའི་སྒྲུབ་ཐབས་མན་ངག་ཕྱག་ལེན་རྣམས་ཁོང་གིས་ཉམས་ལེན་བྱས་ཤིང་གཞན་ལ་རྒྱ་ཆེར་སྤེལ་བས་སྔགས་པ་ནུས་ལྡན་མང་པོ་བྱུང་། ཕྲིན་ལས་སྤྱི་དང་ཁྱད་པར་དྲག་ལས་ཀྱི་མཐུ་ཁ་ཤིན་ཏུ་གཉན་པས་ཆེ་བཙན་ཀུན་གྱིས་བརྩི་བཀུར་བྱེད་པའི་ཡུལ་དུ་གྱུར་བས་བླ་དཔོན་གཅིག་ལྕོགས་གནང་། རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་དང་། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སོགས་ལས་མདོ་སྔགས་རིག་གནས་དང་བཅས་པ་གསན་སྦྱང་མཐར་ཕྱིན་སྐབས་རྡོ་གྲུབ་རྒན་གྱིས་ལུང་བསྟན་ནས་རྨ་ཆེན་གངས་ཁྲོད་ལ་ཕེབས་ཏེ་སྒེའུ་ཐུང་བྲག་ཁུང་དུ་སྐུ་མཚམས་ལ་བཞུགས། དེ་ནས་རྒུ་རུ་རྒྱལ་མཚན་བླ་མར་བཀུར་ཞིང་རྒུ་རུ་སྤྱི་པ་ཡང་ཁོང་ལ་ཕུལ་བས་ཁོང་གིས་སྔ་འགྱུར་རྙིང་མ་བའི་ལུགས་སུ་བསྒྱུར། དེའི་རྗེས་ལྷ་ལུང་དཔལ་རྡོར་སྐུ་ཕྲེང་གསུམ་པ་པདྨ་གར་དབང་། ལྷ་ལུང་དཔལ་རྡོར་སྐུ་ཕྲེང་བཞི་པ་ངག་དབང་དབྱངས་ཅན་མཆོག་གིས་དགོན་འདི་བསྐྱངས། ཁོང་གི་ཁྲི་ཚབ་རྒུ་རུ་བླ་མ་དཀོན་མཆོག་ཆོས་འཕེལ་ནི ༡༩༥༨ལོར་བཙོན་དུ་བཟུང་ཀྱང་ཟླ་བ་བརྒྱད་ཀྱིས་བཙོན་གྲོལ་ཐོབ། ཕྱིར་ཕེབས་ནས་ཕྱུགས་འཚོ་ཞོར་དུ་ལྐོག་ནས་ཉམས་ལེན་འཆད་མེད་དུ་བྱས། ༡༩༨༢ལོར་དགོན་པ་ཆོས་སྒོ་ཕྱེས་ནས་ཁོང་གིས་དགོན་པའི་ཁྲི་ཚབ་ཀྱི་འགན་བཞེས། གྲྭ་མང་ལ་ཀློང་སྙིང་ཆོས་སྐོར་གྱི་དབང་ལུང་ཁྲིད་གསུམ་སྤེལ། རྒུ་རུ་དགོན་པའི་རྟེན་དང་བརྟེན་པ་གསར་བཞེངས་བྱས། གཞན་ཡང་གསར་བསྐོས་ལས་ཐོག་ཁྲི་བ་གསུམ་སྟེ། རིན་ཆེན་ནོར་བུ་དབང་རྒྱལ་དང་། མཁན་སྤྲུལ་བཀྲ་ཤིས་དོན་གྲུབ། སྤྲུལ་པདྨ་རྡོ་རྗེ་གསུམ་གྱིས་ལོ་རེ་ཁྲི་བའི་འགན་འཁུར་བཞིན་ཡོད། མཁན་ཆེན་པདྨ་ཚེ་རིང་དང་། མཁན་པོ་དབང་ཕྱུག མཁན་པོ་འཇམ་དབྱངས་ཆོས་འཕེལ་སོགས་ཡོད། འདུ་ཁང་ཉིས་ཐོག་ཅན་གཅིག བླ་སྒར་བཞི། གྲྭ་ཁང་ལྔ་བཅུ། བཤད་གྲྭ་དང་སྒྲུབ་གྲྭ། མ་ཎི་དུང་འཁོར་སུམ་ཅུ། ཕུར་བསྙེན་དུང་འཁོར་བཅུ་གསུམ། ཡིག་བརྒྱ་དུང་འཁོར་གཉིས། ཙཀྲ་དུང་འཁོར་སོགས་བཞུགས། ལོ་དུས་ཀྱི་ཚོགས་མཆོད་མང་དུ་ཡོད།