76434

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་གར་ལྷོ་ཕྱོགས་སྒོ་མང་གྲྭ་ཚང་ (1)
Part of speech མིང་ཚིག
Definition བྱེས་སུ་ཡོད་པའི་འབྲས་སྒོ་མང་གྲྭ་ཚང་ནི། ཕྱི་ལོ་༡༩༥༩ལོར་དུས་འགྱུར་བྱུང་རྗེས་རྒྱ་གར་ས་ཐོག་ཏུ་སྦག་སར་ཆོས་ལུགས་རིས་མེད་ཀྱི་ཆོས་སྒར་གསར་འཛུགས་བསྐྱངས་སྐབས་གྲྭ་ཚང་འདིར་དགེ་འདུན་ཞལ་གྲངས་ ༡༠༠ སྐོར་ཡོད་ཀྱང་། གྲྭ་ཚང་གི་དབུ་ཁྲིད་མཁན་རིན་པོ་ཆེ་ཁལ་ཁ་སྐལ་བཟང་ལེགས་ལྡན་རྒྱ་དམར་གྱི་བཙོན་འོག་ཏུ་ཚུད་ནས་བྱེས་སུ་ཕེབས་མ་ཐུབ་སྟབས་གང་ཅིའི་ཐད་དཀའ་ངལ་བྱུང་ཡང་། ༸སྤྱི་ནོར་གོང་ས་༸སྐྱབས་མགོན་བཅུ་བཞི་བ་ཆེན་པོ་མཆོག་ནས་གཟིགས་སྐྱོང་བླ་མེད་ཀྱིས། ཧར་གདོང་དགེ་བཤེས་ངག་དབང་ལེགས་ལྡན་མཆོག་མཁན་ཚབ་ཏུ་བསྐོ་བཞག་གནང་། དེ་ཡང་གྲྭ་ཚང་ཞིག་གི་ཆ་ལག་ཚང་དགོས་སྟབས་གུང་རུ་དགེ་བཤེས་ཡེ་ཤེས་རྒྱ་མཚོར་དགེ་བསྐོས་དང། ཧར་གདོང་རྒྱལ་མཚན་བློ་བཟང་དབུ་མཛད། ཁང་ཚན་རེ་ནས་བགྲེས་པ་རེ་བཅས་བསྐོ་བཞག་མཛད། ཕྱི་ལོ་༡༩༦༠ ལོར་ཕྱག་རྟགས་དགོངས་དོན་ལྟར། ཧར་གདོང་དགེ་བཤེས་ངག་དབང་བློ་བཟང་མཆོག་མཁན་ཚབ་ཀྱི་ཁྲིར་ཕེབས་ནས། གྲྭ་ཚང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མཛད། ཕྱི་ལོ་༡༩༦༢ ལོར་མཁན་རིན་པོ་ཆེ་ངག་དབང་བློ་བཟང་མཆོག་ལ་མཁན་པོ་ངོ་མའི་མཚན་གསོལ་དགོས་པའི་བཀའ་ཡིག་སྤྱི་ཕེབས་བཞིན་ཡུལ་དུས་ལ་དཔག་པའི་མཛད་སྒོ་གཟབ་རྒྱས་ཞུས། ཕྱི་ལོ་༡༩༦༧ལོར་རྒྱ་གར་ས་ཐོག་ཏུ་ཕར་ཕྱིན་དམ་བཅའ་དང་པོ་ཚུགས་ཐུབ་པ་བྱུང། ཕྱི་ལོ་༡༩༦༩ལོར་རང་གཞུང་གི་མཛད་བྱུས་ལ་བརྟེན་ནས་ཆོས་སྒར་གཞིས་ཁོངས་སུ་སྤོ་རྒྱུ་གཏན་ཁེལ་སྟབས་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཀྲ་ཀ་མངའ་ཁོངས་མོན་གྷོ་འདོད་རྒུ་གླིང་དུ་གནས་སྤོ་བྱས། སྐབས་དེར་རང་ཁོངས་དགེ་འདུན་ཞལ་གྲངས་དྲུག་ཅུ་ལ་རྒྱ་གར་གཞུང་ནས་མི་གསུམ་རེར་འཚོ་རྟེན་ས་ཞིང་ཨེ་ཀར་གཉིས་རེ་དང། འཕྲལ་སེལ་གྱི་སྡོད་གནས་རས་གུར་རེ་བཅས་གནང་སྟེ་འཚོ་བ་གཞན་བརྟེན་མི་དགོས་པར་ས་ཞིང་གྲྭ་པ་རང་ནས་འདེབས་ལས་ཁར་སློབ་གཉེར་འཐུས་ཤོར་མེད་པ་ཞུས། ཕྱི་ལོ་༡༩༧༢ ལོར་ད་ལྟའི་དགོན་གནས་འདིར་མི་གཉིས་རེར་སྡོད་གནས་ཁང་མིག་རེ་ཐོབ་སྟེ་སྤོ་ཐུབ་པ་བྱུང། དེང་སྐབས་སློབ་གཉེར་པའི་ཚོགས་མང་དུ་འཕེལ་ཏེ་གཉུག་མར་གནས་པའི་དགེ་འདུན་ཞལ་གྲངས་༢༠༠༠ ལྷག་ཡོད། དུས་བཟང་ཁག་མང་དུ་ཡོད་པ་ནས་གཙོ་ཆེ་རྣམས་ནི། ཕར་ཕྱིན་དམ་བཅའ་དང་། འགག་རིང་ཐུང་གི་དགེ་བཤེས་དམ་བཅའ་ཆེན་མོ། ཕར་ཕྱིན་འཛིན་གྲྭ་ལྔའི་ཐུག་ཆོས་གྲྭ། བྱམས་གཞུང་སོགས་མཚན་ཕུད་དམ་བཅའ་ཆེན་མོ་ལྔ། རིགས་གྲྭའི་ཚོགས་ལངས་ཁག་དགུ་ལོ་ལྟར་ཆག་མེད་ཡོད། རྒྱུགས་སྤྲོད་སྐོར་ལ་བློ་རྒྱུགས་དང། རྩོད་རྒྱུགས། མཚན་ཉིད་བྲིས་རྒྱུགས། སྙན་ངག་དང་སུམ་རྟགས་བཅས་དང་། དུས་བསྟུན་གྱིས་ཚན་རིག་ཀྱང་ཡོད་མུས་ཡིན་པ་བཅས་སོ། །