76467

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་ཆེ་བའི་སྐུ་ (1)
Part of speech མིང་ཚིག
Definition མདོ། ཤེས་བྱ་ཇི་སྙེད་པའི་ཆོས་ཀྱི་ཡུལ་དང་དུས་དང་མཚན་ཉིད་དང་། དབྱེ་བ་མཐའ་ཡས་པས་ན་རྒྱ་ཆེ་བ་ཞེས་བྱ་ལ། རྒྱ་ཆེ་བ་དེ་ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་མངོན་སུམ་དུ་གཟིགས་པའི་སྐུ་སྟེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དེ་ལ་རྒྱ་ཆེ་བའི་སྐུ་ཞེས་བྱ་སྟེ། རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་བཤད་ཐར་ལམ་གསལ་བྱེད་ལས། རྒྱ་ཆེ་བ་ཤེས་བྱ་ཇི་སྙེད་པའི་རྣམ་པ་སྟེ། དེ་དག་ཡུལ་དང་དུས་དང་མཚན་ཉིད་དང། དབྱེ་བ་མཐའ་ཡས་པ་རྣམས་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་མངོན་སུམ་དུ་གཟིགས་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །ཞེས་གསུངས་པའི་ཕྱིར། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། །ཇི་ལྟ་བ་མཁྱེན་པའི་རྟོགས་པ་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང་། ཇི་སྙེད་པ་མཁྱེན་པའི་རྟོགས་པ་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་དང་གཉིས། གཉིས་པ་ནི་རྒྱ་ཆེ་བའི་སྐུ་མངའ་ཞེས་པས་བསྟན། ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།
རྒྱ་ཆེ་བའི་སྐུ་ (2)
Part of speech མིང་ཚིག
Definition སྤྲུལ་པའི་སྐུ་ནི་གནས་རྒྱ་ཆེ་བ་འདོད་ཁམས་དང་། གཟུགས་ཁམས་ཅི་རིགས་སུ་བཞུགས་ཞིང་། གདུལ་བྱ་རྒྱ་ཆེ་བ་རིགས་ཅན་གསུམ་ཀའི་དོན་དངོས་སུ་མཛད་པས་རྒྱ་ཆེ་བའི་སྐུ་ཞེས་བྱ་སྟེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། སྤྲུལ་སྐུ་ཆོས་ཅན། རྒྱ་ཆེ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གནས་འདོད་ཁམས་དང། གཟུགས་ཁམས་ཅི་རིགས་སུ་བཞུགས་ཞིང། གདུལ་བྱ་རིགས་ཅན་གསུམ་ཀའི་དོན་དངོས་སུ་མཛད་པའི་རྒྱུ་མཚན་གྱི་དེ་ལྟར་བཤད་པའི་ཕྱིར། ཞེས་གསུངས་པའི་ཕྱིར།