76532

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་བླ་མ་ངག་དབང་དཀོན་མཆོག་ (1)
Part of speech མིང་ཚིག
Definition མགོ་ལོག་ཨ་སྐྱོང་རྒྱ་དགོན་པའི་དགོན་བདག་རྡོ་རྗེ་སློབ་དཔོན་རྒྱ་བླ་མ་ངག་དབང་དཀོན་མཆོག་ནི། མགོ་ལོག་རྒྱ་ཚང་དུ་སྐུ་འཁྲུངས། འཛམ་ཐང་གི་གཙང་ཆེན་ཕོ་བྲང་ན་བཞུགས་པའི་རྡོ་རྗེ་འཆང་ངག་དབང་ཆོས་འཕེལ་རྒྱ་མཚོའི་སྐུ་དྲུང་ནས། རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་སྨིན་བྱེད་དབང་དང་གྲོལ་བྱེད་ལམ་རིམ་གཉིས་ཀྱི་དམིགས་ཁྲིད་ཆ་ཚང་ཞུས་ནས་ལོ་ལྔའི་རིང་ཇི་བཞིན་ཉམས་ལེན་གནང་། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས། མཚན་ངག་དབང་དཀོན་མཆོག་ཅེས་གསོལ། རྗེ་བཙུན་ཏཱ་ར་ནཱ་ཐ་དང་། པཎ་གྲུབ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དུ་མ་དང༌། སངས་རྒྱས་བྱང་སེམས་མཐའ་ཀླས་པའི་སྣང་བ་དང༌། ཁྱད་པར་འཕགས་མ་སྒྲོལ་མ་ལ་ཐུགས་དམ་མཛད་པས་ནམ་ཡང་གཡེལ་མེད་ཀྱི་གཟིགས་སྣང་དང༌། ཡེ་ཤེས་ཀྱི་ཆོས་སྐྱོང་གུར་གཙོ་འཁོར། ཕྱག་དྲུག་པ། དྲཀྵད། དུར་ཁྲོད་བདག་པོ། ཚེ་རིང་མཆེད་ལྔ་སོགས་བྲན་གྱི་ཚུལ་དུ་ཡོད་ལ། དུས་དུས་སུ་རྗེ་བླ་མ་ཉིད་ཁོང་གི་ཐུགས་སྣང་ངོར་ཐུབ་པའི་དབང་པོ། རྡོ་རྗེ་འཆང༌། དུས་འཁོར། བདེ་མཆོག་སོགས་རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་གྱི་གཙོ་བོ་ཉིད་དུ་མཐོང་བ་སོགས་ཀྱི་ངོ་མཚར་བའི་རྣམ་ཐར་བརྗོད་ཀྱིས་མི་ལང་། རང་གནས་སྟེ་ཨ་སྐྱོང་རྒྱ་དགོན་པར་མཆོད་རྟེན་གསར་བཞེང་དང་། འཛམ་ཐང་གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་འཕགས་པ་གདན་འདྲེན་མཛད་དེ་འདུས་པ་ཆེས་མང་བཅས་ཀྱིས་སྒྲུབ་ཐབས་རིན་འབྱུང་ལས་བྱུང་བའི་དབང་བཀའ་མ་ལུས་པ་སོགས་ཆོས་ཀྱི་སྒོ་རྒྱ་ཆེར་ཕྱེས། དེ་རྗེས་ལོ་འགའ་སོང་བ་ན་ཁོང་གིས་སླར་ཡང་འཛམ་ཐང་ནས་ཆོས་ཀྱི་འཕགས་པ་གདན་འདྲེན་ཞུས་ཏེ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཟབ་དབང་མཐའ་དག་དང་གཞན་ཡང་ཆོས་བཀའ་མང་པོ་དང་བཅས་ཇི་བཞིན་ནོད་པར་མཛད། དེ་ལྟ་བུའི་ཚུལ་གྱི་རྗེ་དམ་པ་གང་གིས་བསྟན་འགྲོ་ལ་ཕན་པ་རླབས་ཆེན་མཛད་པ་མཐར་ཕྱིན་གྱི་བར་དུ་ནམ་ཡང་ཆད་པ་མེད་པའི་ངང་ནས་ཉིད་ཀྱི་ཞལ་གསུང་ལས། བདག་གིས་ཚེ་འདིར་སེམས་ཅན་སྟོང་ཕྲག་གསུམ་བཞི་ཙམ་ལ་ཕན་ཐོགས་འོང་བར་འདུག ཅེས་གསུངས་བ་ལྟར་དུ་གྱུར་ཅིང༌། སྤྱིར་ན་རྗེ་བླ་མ་མཆོག་གིས་རྒྱལ་ཁམས་དར་རྒུད་ཇི་ལྟར་འགྱུར་བའི་ཚུལ་དང༌། ཉིད་ཀྱི་རྡོ་རྗེ་སྤུན་དང་ཐུགས་སློབ་ཡོན་བདག་བཅས་ལ་ཉེར་འཚེ་ཇི་ལྟར་ཡོད་མེད་ཚེ་ཚད་རིང་ཐུང་ཅི་ཙམ་སོགས་དང༌། གཤིན་པོ་གང་དག་བར་དོའི་སྐབས་ནས་སྐྱེ་སྲིད་ཕྱི་མ་རབ་འབྲིང་ཐ་མའི་གནས་ཚུལ་ག་འདྲ་ཡིན་ལ་སོགས་པ་གསོན་གཤིན་དག་གི་ཕྱིས་འབྱུང་ལྐོག་ཏུ་གྱུར་པའི་ཡིན་ལུགས་གསལ་བརྗོད་ཀྱི་ལུང་བསྟན་དོན་ཐོག་ཏུ་ཁེལ་ངེས་དང་རྣམ་པར་ཐར་པ་རྒྱས་པ་ཆེས་མང་ན་ཡང་རེ་ཞིག་དེ་ཙམ་མོ། །