76609

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་འགྲེལ་ཉེར་གཅིག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བསྟན་བཅོས་མངོན་རྟོགས་རྒྱན་གྱི་འགྲེལ་བ་རྒྱ་གར་མཁས་པས་མཛད་པར་གྲགས་པ་ལ་རྒྱ་འགྲེལ་ཉེར་གཅིག་ཏུ་གྲགས་པ་ཡིན་ཏེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། འོ་ན་མངོན་པར་རྟོགས་པའི་རྒྱན་ལ་འགྲེལ་བ་དུ་ཡོད་ཅེ་ན། ཉེར་གཅིག་ཡོད་དེ། མདོ་དང་རྒྱན་སྦྱར་བ་བཅུ་གཉིས། མ་སྦྱར་བ་དགུ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཉི་ཁྲི་དང་སྦྱར་བ་བཞི། བརྒྱད་སྟོང་པ་དང་སྦྱར་བ་གསུམ། སྡུད་པ་དང་སྦྱར་བ་གསུམ། འབུམ་རྐྱང་དང་སྦྱར་བ་གཅིག སྨྲྀ་ཏིས་མཛད་པའི་ཡུམ་གསུམ་དོན་བརྒྱད་དང་མཐུན་པར་སྦྱར་བའི་འགྲེལ་པ་རྣམས་ཡོད་པའི་ཕྱིར། དང་པོ་ཡོད་དེ། འཕགས་པས་མཛད་པའི་ཉི་ཁྲི་སྣང་བ། བཙུན་པས་མཛད་པའི་ཉི་ཁྲི་རྣམ་འགྲེལ། སློབ་དཔོན་གྱིས་མཛད་པའི་ཉི་ཁྲི་ལེའུ་བརྒྱད་མ། ཤནྟི་པས་མཛད་པའི་ཉི་ཁྲི་དག་ལྡན་རྣམས་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། སློབ་དཔོན་གྱིས་མཛད་པའི་རྒྱན་སྣང། ཤནྟི་པས་མཛད་པའི་སྙིང་པོ་མཆོག ཨ་བྷྱས་མཛད་པའི་གནད་ཀྱི་ཟླ་འོད་རྣམས་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་སྡུད་པའི་དཀའ་འགྲེལ། སློབ་དཔོན་གྱིས་མཛད་པའི་སྡུད་འགྲེལ་རྟོགས་སླ། ཁ་ཆེ་ངྷརྨ་ཤྲཱིས་མཛད་པར་གྲགས་པའི་ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་རྣམས་ཡོད་པའི་ཕྱིར། གཉིས་པ་མདོ་དང་མ་སྦྱར་བ་དགུ་ཡོད་དེ། སློབ་དཔོན་གྱིས་མཛད་པའི་འགྲེལ་ཆུང་། དེའི་འགྲེལ་བཤད་ཚིག་གསལ་ཆོས་བཤེས་ཀྱིས་མཛད་པ། གསེར་གླིང་པས་མཛད་པའི་འགྲེལ་བཤད་རྟོགས་དཀའི་སྣང་བ། ཇོ་བོས་མཛད་པའི་བསྡུས་དོན། ཁ་ཆེ་གཞོན་ནུ་དཔལ་གྱིས་མཛད་པའི་བསྡུས་དོན། ཤེར་འབྱུང་བློ་གྲོས་ཀྱིས་མཛད་པའི་བསྡུས་དོན། རིན་ཆེན་གྲགས་ཀྱིས་མཛད་པའི་གྲགས་ཆ། ཨ་བྷྱས་མཛད་པའི་ཐུབ་པ་དགོངས་རྒྱན། བུདྡྷ་ཤྲིས་མཛད་པའི་ཤེས་རབ་སྒྲོན་མེའི་ཕྲེང་བ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།