76777

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱན་གོང་གཙུག་ལག་ཁང་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར་རྒྱན་གོང་བྱང་ཆུབ་ཀྱི་དགེ་གནས་གཙུག་ལག་ཁང་ནི། བསྟན་པ་ཕྱི་དར་གྱི་ཐོག་མར་མདོ་ཁམས་སྨད་ནས་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་དབུས་གཙང་གི་མཁས་པ་མི་བཅུ་པོས་བསྟན་པ་དབུ་འཛུགས་པའི་གནས་གཞི་རེ་འདེབས་རྒྱུའི་རིམ་པ་རྒྱན་བྱས་པ་ལས། ལོ་སྟོན་རྡོ་རྗེ་དབང་ཕྱུག་སྐུ་ན་བགྲེས་ཤོས་ཡིན་པས་རྒྱན་ལས་གོང་དུ་ཕུད་དེ་གཙུག་ལག་ཁང་འདི་ཉིད་བཏབ་པས། མཚན་ལའང་རྒྱན་གོང་བྱང་ཆུབ་ཀྱི་དགེ་གནས་སུ་གྲགས། དུས་དེར་རྒྱན་གོང་གཙུག་ལག་ཁང་དུ་དགེ་འདུན་གྱི་ཀུན་དགའ་ར་བ་སྟོང་དང་། ཕྱི་རུ་མི་ཁྱིམ་ཐེམ་པ་སྟོང་ཡོད་པས་ན་རྒྱན་གོང་ཕྱི་སྟོང་ནང་སྟོང་དུ་གྲགས། དེ་དུས་ཞོ་ཆུ་མཁར་མོ་ཆེར་ལྕེ་ལ་མི་ཤིས་པ་བདུན་དུས་གཅིག་ཏུ་བྱུང་བ་ན། དཔྱལ་རཏྣ་ཤྲིས་རིམ་གྲོ་བྱས་པས་ལོ་བདུན་དུ་བཟློག་པས། ཇོ་བོ་རཏྣ་བྱོན་པས་འཚེངས། ཕྱག་རྒྱ་དྲིལ་བུ་དཀྲོལ་བས་འཚེངས། རཀྵའི་ཕྲེང་བ་བརྡབ་པས་འཚེངས། ཧཱུཾ་ཕཊ་འབྲུག་སྒྲ་བསྒྲགས་པས་འཚེངས། ཟེར་བའི་ཁ་རྒྱུན་བྱུང་། དུས་ནམ་ཞིག་ན་ལྕེ་ལ་འབངས་ཀྱིས་ངོ་ལོག་བྱས་ནས་ལྕེ་ཕལ་ཆེར་བསད། ལྕེ་བཙུན་ཤེས་རབ་འབྱུང་གནས་ལོ་སྟོན་གྱི་སྤྱན་སྔར་བྲོས་ཤིང་ལྕེ་འབུམ་གྱི་གླེགས་བམ་རྣམས་ཕྱག་རྟེན་དུ་ཕུལ། རབ་ཏུ་བྱུང་སྟེ་དཀའ་སྤྱད་དྲག་པོས་ཉེ་གནས་མཛད་དོ། །ལོ་སྟོན་གྱིས་ལྕེ་བཙུན་ཤེས་རབ་འབྱུང་གནས་རབ་ཏུ་བྱུང་བར་མཛད་ཅིང་། ལྕེ་བཙུན་གྱིས་ཞབས་ཏོག་གི་མཐིལ་མཛད་དེ་རྒྱན་གོང་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ལེགས་པར་བཞེངས། ནང་རྟེན་ལ། ལྩེ་འབུམ་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ནང་བློན་ལྕེ་ཁྲི་བཟང་ལྷས་འབྱིན་ལ་རྒྱལ་པོས་ལྷ་ཁང་བརྒྱ་རྩ་བཞེངས་དགོས་པའི་བཀའ་ཕབ། བློན་པོས་བཞེངས་པས་དཔའ་དར་དུ་བསམ་ཡས་ཀྱི་འབུམ་རེག་ཟིགས་མ་དེ་མ་དཔེར་སྩལ་བས་ལྕེ་འབུམ་དུ་གྲགས་པ་འདི་བྱུང་ངོ་། རྒྱན་གོང་དུ་མེ་དགྲ་བྱུང་བས་ནང་དངོས་གཞན་མེས་འཇིག་ཀྱང་ལྕེ་འབུམ་གྱི་ཕྱིའི་ཤོག་བུ་ཅུང་ཟད་ནག་པོར་སོང་བ་ཙམ་ལས་མེས་མ་འཇིག་པས་དེ་ནས་རྒྱན་གོང་གི་འབུམ་ནག་ཏུ་གྲགས་སོ། །ཁ་ཆེ་པཎ་ཆེན་གྱིས་རྒྱན་གོང་དུ་ས་སྐྱ་པཎྜི་ཏས་དབུ་བསིལ་བའི་རྡོ་བསིལ་རྡོ་གཞོང་དེང་སང་ཡང་ཡོད། ཐར་པའི་བླ་མ་དཔྱལ་ནག་པོ་ཐོག་འབེབས་དང་། རྒྱན་གོང་གཉིས་མཐུ་འགྲས་ཆེ་བར་བརྟེན་ལོ་སྟོན་གྱིས་རྒྱ་བལ་ནས་བསྟན་སྲུང་རྡོ་རྗེ་རབ་བརྟན་པ་གདན་དྲངས་ཞིང་དཔྱལ་ནག་པོ་ཐོག་འབེབས་ཚར་བཅད་ལོ་སྟོན་གྱི་དགྲ་བཏུལ་བའི་ཕྲིན་ལས་མཛད། རྒྱན་གོང་གི་དམིགས་བསལ་གྱི་སྲུང་མ་ཞིག་ཏུ་བསྐོས། སྲུང་མ་འདི་གཉན་ཤིང་རྩུབ་ལ་དྲག་ཤུལ་ཆེ་བས་སྙན་གྲགས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར། དེའི་ཕྱིར་ཞ་ལུ་པའི་མཁན་བརྒྱུད་སློབ་བརྒྱུད་རྣམས་ཀྱིས་ཀྱང་སྲུང་མ་འདི་ཉིད་ལུས་དང་གྲིབ་མ་བཞིན་འགྲོགས་ནས་བར་ཆད་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་ཡིན་ནོ།