76781

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱན་གྱི་དངོས་བསྟན་གྱི་རྣམ་རྫོགས་སྦྱོར་བའི་བསྒོམ་བྱའི་རྣམ་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ངོ་བོ་ནི། གཞི་བདེན་བཞིའི་སྟེང་དུ་གནས་ཚུལ་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་ལ། དབྱེ་ན། གཞི་བདེན་བཞིའི་སྟེང་དུ་གཞི་ཤེས་ཀྱི་རྣམ་པ་རྟོགས་པ་དང། གཞི་བདེན་བཞིའི་སྟེང་དུ་ལམ་ཤེས་ཀྱི་རྣམ་པ་རྟོགས་པ་དང། གཞི་ལམ་བདེན་གྱི་སྟེང་དུ་རྣམ་མཁྱེན་གྱི་རྣམ་པ་རྟོགས་པ་དང་གསུམ་ཡོད་ཅེས་བསྟན་པ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏོ། །འདིར་བསྟན་གྱི་རྣམ་པ་དོན་རྣམ་དང་ཤེས་རྣམ་གང་ཡིན་ཞེ་ན། བསྟན་བཅོས་རྩ་བར་ཡང་འདིར་དངོས་བསྟན་གྱི་རྣམ་པ་ལ་མཁྱེན་པ་གསུམ་གྱི་རྣམ་པ་གསུམ་དུ་ངེས་པར་གསུངས་ཤིང་དེ་གསུམ་ནི་ཤེས་རྣམ་ཁོ་ན་ཡིན་པའི་ཕྱིར་དང་། ཉི་ཁྲི་སྣང་བ་སོགས་གཞུང་འགྲེལ་ཐམས་ཅད་སྐབས་འདིར་དངོས་བསྟན་གྱི་རྣམ་པ་ཤེས་རྣམ་དུ་བཞེད་པར་མཚུངས་པའི་ཕྱིར་རོ། །དེ་ཡང་འདིར་དངོས་བསྟན་གྱི་མེད་པའི་རྣམ་པ་དེ་སྡུག་བསྔལ་གྱི་བདེན་པ་རྟག་པར་མེད་པ་ཙམ་ལ་འཇོག་པ་མ་ཡིན་པར་དེར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ལ་འཇོག་པ་ནས་སངས་རྒྱས་ཉིད་ཀྱི་རྣམ་པ་ཡང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་རྟོགས་པའི་འཛིན་སྟངས་ཀྱི་བྱེ་བྲག་ལ་འཇོག་པར་བྱེད་དགོས་པས་ན་སྐབས་འདིར་དངོས་བསྟན་གྱི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་པོ་གང་རུང་ཡིན་ན། ཤེས་རྣམ་ཡིན་པས་ཁྱབ་པའི་དོན་ནོ། །ཤུགས་ལ་དོན་རྣམ་ཡང་བསྟན་པར་བྱ་དགོས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་ལས་སོ། ། ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས། འདིར་བསྟན་པ་ནི། ཤེས་རྣམ་ཁོ་ན་སྟེ། མི་མཐུན་ཕྱོགས་ཀྱི་གཉེན་པོར་གསུངས་པའི་ཕྱིར་དང་། མདོ་ལས། མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་དང་། མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་སོགས་ཕ་རོལ་ཏུ་ཕྱིན་པའི་སྒྲས་གསུངས་པ་དང་། བསྟན་བཅོས་ལས། མདོར་བསྟན་དུ་ཡེ་ཤེས་ཀྱི་བྱེ་བྲག་ཏུ་གསུངས་ཤིང་། རྒྱས་བཤད་ཀྱིས་ཀྱང་དེ་ཉིད་རྒྱས་པར་སྟོན་པའི་ཕྱིར། མེད་པ་དང་མི་སྐྱེ་བ་སོགས་ཀྱི་རྣམ་པ་ཇི་ལྟར་ཤེས་རྣམ་དུ་འཐད་ཅེ་ན། མེད་པ་དང་མི་སྐྱེ་བ་སོགས་རྟོགས་པའི་འཛིན་སྟངས་ཀྱི་བྱེ་བྲག་ལ་འདོད་དེ། མདོ་ལས། ཕ་རོལ་ཏུ་ཕྱིན་པའི་སྒྲས་གསུངས་པའི་ཕྱིར་རོ་ཞེས་སོ། །
Domain ཆོས་ལུགས།
རྒྱན་གྱི་དངོས་བསྟན་གྱི་རྣམ་རྫོགས་སྦྱོར་བའི་བསྒོམ་བྱའི་རྣམ་པ་ (2)
Part of speech མིང་ཚིག
Definition ཡུལ་གྱི་ཁྱད་པར་དེ། རྣམ་པ་ཙམ་གྱི་མཚན་ཉིད། དེ་ལ་དབྱེ་ན། དོན་རྣམ་དང། ཤེས་རྣམ་གཉིས་སོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །