76905
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། ཡུམ་སྲས་གཤེན་གསུམ་གྱི་སློབ་མ་ལྷ་ཀླུ་མིའི་གཤེན་གསུམ་གྲགས་པའི་ནང་ཚན་མི་ལུས་བསམ་ལེགས་ཞེས་པ་དེ་ཡིན་ལ། གསང་སྔགས་སྤྱི་སྤུངས་ཀྱི་བརྒྱུད་རིམ་གཤེན་པོ་རྣམས་ལས་གདུང་རྒྱུད་བཅུ་གསུམ་གྱི་ནང་ཚན་ཡང་ཡིན། འདི་ཉིད་ཡུལ་མི་ཡུལ་དར་མའི་ཁྲོད་ཤོད། སྐུ་མཁར་ཁྲི་བརྒྱད་རྩེ་གླིང་དུ། ཡབ་མི་རྗེ་རྒྱལ་པོ་ཁྲི་འོད་དང་ཡུམ་སྨན་ཟ་དུན་ཏིང་སྒྲོན་མ་གསལ་བ་གཉིས་ཀྱི་སྲས་སུ་འཆི་མེད་ཡུམ་སྲས་གཤེན་གསུམ་གྱིས་བྱིན་གྱིས་བརླབས་ནས་འཁྲུངས་པར་གྲགས། སྲས་དེ་ལ་ལྷ་བོན་ཡོངས་སུ་དག་པས་བཀྲ་ཤིས་གསོལ་ཞིང་མཚན་ལྟས་བརྟགས་ཏེ་རྒྱལ་གཤེན་མི་ལུས་བསམ་ལེགས་ཞེས་པར་མཚན་དུ་གསོལ། རྒྱལ་བུས་སུམ་ཅུ་རྩ་གསུམ་དུ་གཤེགས་ནས་ཡུམ་སྲས་གཤེན་གསུམ་དང་དབལ་བོན་སྟག་ལ་མེ་འབར་རྣམས་ཀྱི་དྲུང་ནས་བོན་ལུང་མནོས། སྟོན་པས་ལུང་བསྟན་པ་ལྟར་ཐུགས་སོ་སོར་གསལ་(སོ་ཐུབ་རང་སོར་གསོལ་)བའི་བོན་ལ་བློ་སྦྱངས་སོ། ། དེ་ནས་སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་རྒྱལ་གཤེན་ལ་སྤྱི་སྤུངས་ཞི་ཁྲོའི་བོན་སྐོར་རྒྱས་འབྲིང་བསྡུས་གསུམ་ལས། རན་པར་འཚོགས་པ་ཡར་སྤེལ་མར་སྡུད་བཏུབ་པ་ཆུ་བོའི་རྒྱུན་ལྟ་བུའི་བོན་སྐོར་རྒྱ་ཤོག་དཀར་པོ་ལ་བཱེེ་དུ་རྒྱ་ཡིས་བྲིས་ནས་གཉེར་གཏད་མཛད་དོ། ། རྒྱལ་གཤེན་གྱིས་ཀུན་སྣང་གསལ་བའི་སྤྲུལ་པ་རྒོད་ལྕམ་དོན་འབར་མ་བྱ་བ་གྲོགས་སུ་བཙལ་ནས་རི་རྒྱལ་ལྷུན་མོའི་ཕོ་བྲང་དུ་བསྒྲུབས་ཏེ། མི་ཁམས་འདྲེན་པའི་སྟོན་པ་མཛད་དོ། ། གོང་གསལ་མིང་ཚིག་འགའ་ལ་འབྲི་ཚུལ་གྱི་སྒོ་ནས་དཔེ་གཞན་པའི་ནང་དུ་༼དལ་མ་ཁྲི་ཤོད། སྐུ་མཁར་ཁྲི་བརྒྱ་རྩེ་གླིང་། ཡུམ་སྨྲ་ཟ་དུན་ཏིང་སྒྲོན་མ་གསལ། ༽ཞེས་པ་ཡང་འདུག་གོ ། |