77001

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་པོ་ཛཿ་ (1)
Part of speech མིང་ཚིག
Definition རྒྱལ་པོ་ཛཿ་ནི། མིའི་རྒྱལ་པོ་རིག་པ་འཛིན་པ་ཞིག་སྟེ། མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག ། འཛམ་གླིང་ལྷོ་ཡི་ཕྱོགས་ངོས་ཀྱི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །ལག་ན་རྡོ་རྗེས་སྣང་བར་བྱེད། །ཅེས་སྟོན་པས་བསྟན་པའི་སྙིང་པོ་མཆོག་གི་བཀའ་བབ་ཏུ་ལུང་གིས་ཟིན་པའི་སྐྱེས་མཆོག་ཅིག་ཡིན། གཞན་ཡང་སྐྱེས་བུ་འདི་ཉིད་བདེ་མཆོག་སྡོམ་འབྱུང་གི་རྒྱུད་ཕྱི་མ་སོགས་དུ་མ་ལས་ཀྱང་ལུང་བསྟན་ཅིང་། སློབ་དཔོན་ཀུ་ཀུ་རཱ་ཛ་དང་དུས་མཉམ་ཡིན་པས་ཕན་ཚུན་བླ་སློབ་ཀྱི་འབྲེལ་བའང་བྱུང་ཚུལ་རྙིང་མའི་ཆོས་འབྱུང་ཁག་ཏུ་གསལ། ཡིད་ཀྱི་མུན་སེལ་དུ་རྒྱལ་པོ་ཛཿས་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲབྷུཏི་དང་། ཟ་ཧོར་གྱི་རྒྱལ་པོ་ཨུ་པ་རཱ་ཛ། ཡུལ་དབུས་ཀྱི་དགེ་སློང་ཀུ་ཀུ་རཱ་ཛ་གསུམ་ལ་རྡོར་སེམས་སྒྱུ་འཕྲུལ་དྲྭ་བའི་གདམས་ངག་གནང་སྟེ་སྐུ་ཚེ་དེ་ཉིད་དུ་ལྷུན་གྲུབ་རིག་འཛིན་གྱི་ས་ལ་བཀོད་པར་གསུངས། ཡང་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་ལྷའི་རྔ་བོ་ཆེ་ལས། དེ་ལ་རྒྱལ་པོ་ཛཿནི་སྟོན་པས་མདོ་རྒྱུད་ཐམས་ཅད་ནས་ལུང་བསྟན་པ་སྟེ། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་གྲངས་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག ། འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བས། །གསང་བའི་བདག་པོས་སྣང་བར་འགྱུར། །ཞེས་པ་དང་། དེ་དང་མཚུངས་པ་སྤྱི་མདོ་དགོངས་འདུས་ལས་ཀྱང་འབྱུང་ངོ་། །དེ་ཡང་རྒྱལ་པོ་ཛཿཞེས་པ་འགའ་ཞིག་གིས་སྟོན་པ་དངོས་ཀྱི་དབང་བསྐུར་ཐོབ་པའི་ཨིནྡྲ་བྷུ་ཏི་ཆེན་པོ་ལ་བྱེད་པ་དང་། ཁ་ཅིག་གིས་དེ་ཉིད་ཀྱི་སྲས་ཡིན་པར་ཡང་བྱེད། འགའ་ཞིག་གིས་ཨིནྡྲ་བྷུ་ཏི་བར་པ་ལ་འདོད་པ་སོགས་མི་འདྲ་བར་བྱུང་བ་འཕགས་ཆེན་གྱི་རྣམ་འཕྲུལ་སོ་སྐྱེས་བསམ་པར་མི་ནུས་པས་དེ་ལྟར་ཡིན་པའང་རུང་ལ། འོན་ཀྱང་དུས་དང་བསྟུན་ན་སློབ་དཔོན་ཀུ་ཀུ་རཱ་ཛ་དང་དུས་མཚུངས་པར་བཤད་པས། དེ་ལྟར་ན་ཨིནྡྲབྷུཏི་བར་ལ་བྱེད་དགོས་པ་འདྲ་ཞིང་། གྲུབ་ཐོབ་ཆེན་པོ་ལྭ་བ་པའི་ཞབས་དང་རྒྱལ་པོ་འདི་གཉིས་གཅིག་གམ་ཐ་དད་གང་ལྟར་དུས་གཅིག་ཅིང་། རོལ་པའི་རྡོ་རྗེ་དང་། མཚོ་སྐྱེས་དང་། ཛལནྡྷརིཔ་རྣམས་དང་ཡང་འོལ་སྤྱི་ཙམ་དུ་དུས་མཚུངས་སོ། །གང་ལྟར་རྒྱལ་པོ་དེ་ཉིད་རྒྱུད་སྡེ་འོག་མའི་རྣལ་འབྱོར་བསྒོམས་ཤིང་བཞུགས་པའི་ཚེ་སྔར་གྱི་རྨི་ལྟས་དང་མཐུན་པར་དངོས་སུ་རྒྱལ་པོའི་ཁང་པར་སངས་རྒྱས་མཉམ་སྦྱོར་ལ་སོགས་པ་གསང་སྔགས་ཀྱི་སྡེ་སྣོད་ཆེན་པོ་རྣམས་ཀྱི་གླེགས་བམ་དང་གསང་བའི་བདག་པོའི་སྐུ་ཁྲུ་གང་པ་ཞིག་བབ་པར་གྱུར་ཏོ། །དེ་ནས་གསོལ་བ་བཏབ་པས་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ནས་དེ་དང་ཕྱག་ན་རྡོ་རྗེའི་སྐུ་ལ་བརྟེན་ནས་ཟླ་བ་བདུན་བསྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་མཐོང་ཞིང་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་གླེགས་བམ་གྱི་བརྡ་དང་དོན་མ་ལུས་པ་མཁྱེན་པར་གྱུར་ཏོ། །ཞེས་གསུངས་སོ། །

{{#arraymap:རྒྱལ་པོ་ཛཿ་

|; |@@@ | | }}