77094

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ནི། མེ་བྱི་ཕྱི་ལོ་ ༡༨༧༦ ལོའི་བོད་ཟླ་ ༥ ཚེས་ ༥ ཉིན་ལྷོ་ཁ་དྭགས་སྨད་སྣང་རྫོང་འོག་གླང་མདུན་དུ་ཡབ་ཀུན་དགའ་རིན་ཆེན་དང༌། ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་མཚན་ལ་བློ་བཟང་ཐབས་མཁས་རྒྱ་མཚོ་ཞེས་གསོལ། ལྷ་བླའི་ལུང་བརྟག་དང༌། ལྷ་མོའི་མཚོ་གཟིགས་བཅས་གང་ཐད་ནས་རྩེ་མཐུན་བྱུང་བས་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་ཞུས། ས་སྟག་ཕྱི་ལོ་ ༡༨༧༨ ལོར་པཎ་ཆེན་བསྟན་པའི་དབང་ཕྱུག་མཆོག་གིས་དབུ་སྐྲ་གཙུག་ཕུད་བཞེས། ཕྱི་ལོ་ ༡༨༧༩ ལོར་ཕོ་བྲང་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ་ཞིང༌། ཤིང་ལུག་ཕྱི་ལོ་ ༡༨༧༩ ལོའི་བོད་ཟླ་ ༨ ཚེས་ ༨ ཉིན་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས། ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེའི་དྲུང་ནས་དགེ་སློང་གི་སྡོམ་བཞེས། ཕྱི་ལོ་ ༡༨༩༩ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་ལྷ་རམས་པའི་དམ་བཅའ་མཛད། ཤིང་འབྲུག་ཕྱི་ལོ་ ༡༩༠༤ ལོར་དབྱིན་ཇིའི་བཙན་འཛུལ་དམག་ལྷ་སར་ལྷགས་པས་བོད་ཟླ་ ༦ ཚེས་ ༡༥ ཉིན་རེ་ཞིག་སྐུའི་ཉེན་ཡོལ་དུ་ཕེབས། དེ་ནས་སྐུ་འབུམ་བྱམས་པ་གླིང་བརྒྱུད་པེ་ཅིང་དུ་གོང་མ་ཀོང་ཤུ་ཐེངས་མང་མཇལ་འཕྲད་གནང་། ས་སྤྲེལ་ཕྱི་ལོ་ ༡༩༠༨ ལོར་པེ་ཅིང་ནས་བོད་དུ་ཕེབས། ལྕགས་ཁྱི་ཕྱི་ལོ་ ༡༩༡༠ ལོར་རྒྱ་གར་དུ་ཉེན་གཡོལ་ལ་ཕེབས་དགོས་བྱུང༌། ལྕགས་ཕག་ཕྱི་ལོ་ ༡༩༡༢ ལོར་བོད་མི་ཚོས་ཐབས་ཤེས་སྣ་མང་བརྒྱུད་སྟོན་འཁོར་ལྷ་སར་ཕེབས་ཐུབ་པ་བྱུང་། ཆུ་གླང་ཕྱི་ལོ་ ༡༩༡༣ ལོར་བོད་སོག་དབར་ཆིངས་ཡིག་བཞག་པ་དང༌། བོད་འབངས་སེར་སྐྱ་ཡོངས་ལ་སྤང་བླང་རྩ་ཚིག་དོན་ཚན་ལྔ་ཅན་དང་བསྒྲགས་པ་སོགས་བོད་ཀྱི་སྒྲིག་འཛུགས་ལ་ལེགས་བཅོས་གནང་། ཤོག་དངུལ། གསེར་དངུལ་གྱི་ཊམ་ཁ། སྦྲག་ཐམ། སྦྲག་རྟགས་བཅས་གསར་གཏོད་མཛད། ཕྱི་ལོ་ ༡༨༦༨ ལོའི་དབྱིན་འབྲུག་དབར་ཆིངས་ཡིག་གི་ནང་དོན་དང༌། ཕྱི་ལོ་ ༡༨༨༥ ལོར་དབྱིན་ཇི་དང་རྒྱ་ནག་མན་ཇུ་དབར་བཞག་པའི་ཆིངས་ཡིག་ལ་བོད་ཀྱིས་ངོས་ལེན་མ་བྱས། ལྕགས་སྟག་ཕྱི་ལོ་ ༡༨༩༠ ལོར་རྒྱ་གར་དང་མན་ཇུ་ཨམ་བན་དབར་ཀ་ལི་ཀ་ཏར་ཆིངས་ཡིག་དོན་ཚན་བརྒྱད་ཅན་ཞིག་དང༌། ཤིང་སྦྲུལ་ཕྱི་ལོ་ ༡༨༩༣ ལོར་རྡོར་གླིང་དུ་དབྱིན་ཇི་དང་རྒྱ་མིའི་སྐུ་ཚབ་དབར་ཚོང་དོན་སྒྲིག་འཛུགས་ཟེར་བའི་ཆིངས་ཡིག་དོན་ཚན་དགུ་ཅན་བཅས་རིམ་འཇོག་བྱས་པར་བོད་ཀྱིས་ངོས་ལེན་མ་བྱས་པ་སོགས་ལ་བརྟེན། ཤིང་འབྲུག་ཕྱི་ལོ་ ༡༩༠༤ ལོར། ཡཱང་ཧ་སེ་པན་གྱིས་གཙོས་པའི་དབྱིན་དམག་གིས་གཞིས་ཀ་རྩེ་དང༌། རྒྱལ་རྩེ་སོགས་བཙན་བཟུང་གིས། སྲིད་སྐྱོང་དགའ་ལྡན་ཁྲི་ཟུར་བློ་བཟང་རྒྱལ་མཚན་གྱིས་གཙོས་པའི་བོད་གཞུང་གི་སྐུ་ཚབ་ཀྱིས་རྒྱ་བལ་འབྲུག་གསུམ་གྱི་རྒྱལ་ཁབ་སོ་སོའི་སྐུ་ཚབ་དཔང་པོ་བཙུགས་ཏེ༌། དབྱིན་ཇི་དང་གྲོས་མཐུན་དོན་ཚན་བཅུ་ཅན་ཞིག་བཞག ཤིང་སྟག་ཕྱི་ལོ་ ༡༩༡༤ ལོར་སིལ་ལ་ཆིང་ཡིག་བཞག ཕྱི་ལོ་ ༡༩༡༣ ལོའི་ཟླ་ ༡ ཚེས་ ༨ ལ་བོད་རྒྱ་ཁྱབ་ཡོངས་ལ་རྩ་ཚིག་དོན་ཚན་ལྔ་ཅན་ཞིག་ཁྱབ་བསྒྲགས། བསྟན་སྲིད་ཡར་རྒྱས་གཏོང་ཕྱོགས་སྐོར་བཀོད་ཁྱབ་ཞིབ་ནན་མཛད། ཕྱི་ལོ་ ༡༩༡༤ ལོར་བོད་དམག་བཅོས་སྒྲིག་དང་རྒྱ་བསྐྱེད་མཛད། ཕྱི་ལོ་ ༡༩༢༢ ལོར་ནོར་གླིང་གཟིམ་ཆུང་སྤྱན་གསལ་ཕོ་བྲང་གསར་བཞེངས་གནང༌། ཕྱི་ལོ་ ༡༩༢༣ ལོར་ལྷ་ས་གྲོང་ཁྱེར་གྱི་བདེ་འཇགས་ཆེད་སྐོར་སྲུང་དམག་སྟེ། པུ་ལི་སིའི་དམག་སྒར་གསར་འཛུགས་དང༌། རྒྱལ་རྩེར་དབྱིན་ཡིག་སློབ་གྲྭ་བཙུགས་པ་བཅས་མཛད། ཕྱི་ལོ་ ༡༩༢༧ ལོར་རྒྱ་ནག་ནན་ཅིན་དུ་བོད་ཀྱི་དོན་གཅོད་ཁང་བཙུགས། ལྷ་རམས་དགེ་བཤེས་རྣམས་རྩོད་རྒྱུགས་བཞེས་ཏེ་ཨང་གནས་ཟིན་རིགས་མ་གཏོགས་རྒྱུད་པའི་བླ་མ་དབུ་མཛད། མཁན་པོ། ཤར་བྱང་གི་ཆོས་རྗེ། དགའ་ལྡན་ཁྲི་པ་སོགས་ལ་རང་བཞིན་གྱིས་ཕེབས་མི་ཆོག་པའི་རྒྱས་བཅད་སོགས་བསྟན་དོན་གྱི་མཛད་འཕྲིན་རླབས་ཆེན་བསྐྱངས། དགུང་ལོ་ང་བརྒྱད་བཞེས་པ་རབ་བྱུང་བཅུ་པའི་ཆུ་བྱ་ཕྱི་ལོ་ ༡༩༣༣ ལོའི་བོད་ཟླ་ ༡༠ པའི་གནམ་གང་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ།།

{{#arraymap:རྒྱལ་བ་ཐུབ་བསྟན་རྒྱ་མཚོ་

|; |@@@ | | }}