77107

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ལོ་སྟེ་ཕྱི་ལོ་ ༡༦༨༣ ལོར་མོན་ལ་འོག་ཡུལ་གསུམ་དུ་ཡབ་བཀྲ་ཤིས་བསྟན་འཛིན་དང༌། ཡུམ་ཚེ་དབང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྒྱལ་དབང་ལྔ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་པ་གསང་རྒྱ་མཛད་དགོས་བྱུང་བའི་རྐྱེན་གྱིས་དགུང་ལོ་བཅུ་གསུམ་པར་ཡང་སྲིད་བརྩད་གཅོད་ཡོངས་གྲགས་གནང་བདེ་བྱུང་མེད་ཅིང༌། དགུང་ལོ་བཅུ་གསུམ་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་ལྷ་སར་ཕེབས། དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་སྐོར་གསང་རྒྱ་མཛད་དགོས་དོན་དང༌། ཡང་སྲིད་ཇི་ལྟར་ངོས་འཛིན་མཛད་ཚུལ་གསལ་བཤད་གནང་བས། ཚང་མ་དགའ་སྐྱོ་གཉིས་ལྡན་གྱི་ངང་ནས་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ཡིད་ཆེས་བྱུང་། པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། བློ་བཟང་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཞེས་གསོལ། ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་ལྔ་ཉིན་པོ་ཏཱ་ལའི་ཁྲིར་མངའ་གསོལ། ཕྱི་ལོ་ ༡༧༠༡ ལོར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཚ་བོའམ་ཡང་སྲས་ད་ལའི་ཧན་འདས་ནས་སྲས་པོ་ལྷ་བཟང་ཧན་གྱིས་སྲིད་དབང་བཟུང༌། དེའི་སྐབས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་མི་འཆམ་པ་བྱུང་ཞིང་འཁྲུག་རྩོད་བསླངས་པར་བརྟེན་རྒྱལ་པོ་ལྷ་བཟང་ཧན་གྱིས་སྡེ་སྲིད་བཀྲོངས། དེ་ནས་རྒྱལ་པོ་ལྷ་བཟང་ཧན་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཉེས་པ་འབོར་ཆེན་བརྗོད་ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཏཱ་ལའི་བླ་མ་སྐུ་གོང་མའི་ཡང་སྲིད་ངོ་མ་མ་ཡིན་པའི་གཏུགས་བཤེར་བྱས་པ་སོགས་ཕྱི་ནང་གི་བྱུང་རྐྱེན་མང་པོས་རྒྱལ་དབང་མཆོག་ཐུགས་དགོངས་འགལ་ཏེ་གསན་བསམ་སློབ་གཉེར་ལ་ཐུགས་ལྷོད་སྒྱིད་ལུག་ལྟ་བུར་མཛད་པ་གཞན་གྱིས་བསྐུལ་མ་ཞུས་ལའང་གསན་དགོངས་མ་མཛད་པ་མ་ཟད། དགུང་ལོ་ཉི་ཤུར་ཕེབས་སྐབས་པཎ་ཆེན་རིན་པོ་ཆེའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་དགོས་པའི་གསོལ་འདེབས་ཞུས་ཀྱང༌། ངེད་རང་ལ་བླ་མ་མཇལ་བ་མི་སྤྲོ་བ་མེད་ཀྱང༌། རྒྱལ་དབང་གོང་མའི་ཤུལ་འཛིན་གྱིས་ཚོགས་དབུས་སུ་སྡོད་འདོད་མི་འདུག་གསུངས་ནས་སྡོམ་པ་བཞེས་མེད། དེ་ནས་དགེ་ཚུལ་གྱི་སྡོམ་པ་ཡང་ཕྱིར་འབུལ་གནང་སྟེ་སྐྱ་ཆས་བཞེས་ཤིང༌། བཞུགས་ཡུལ་ཕོ་བྲང་པོ་ཏཱ་ལ་རང་དུ་མཛད། བརྟུལ་ཞུགས་ཀྱི་མཛད་པ་སྐྱོང་བཞིན། སྤྲོ་སྐྱིད་གནང་བར་ལྷ་ཞོལ་དང༌། རྫོང་རྒྱབ། འོལ་དགའ། འཕྱོངས་རྒྱས། གོང་དཀར་ཁུལ་སོགས་ལ་གང་བྱུང་ཐུགས་འདོད་བཞིན་ཕེབས་པའི་དུས་སྐབས་དེ་དག་ཏུ་གསུང་མགུར་སྙན་འཇེབས་ལྡན་པ་ཇི་སྙེད་ཅིག་བཀའ་རྩོམ་གནང་བ་རྣམས་ད་ལྟའང་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཡོངས་གྲགས་སུ་ཡོད། རྒྱལ་དབང་རིན་པོ་ཆེའི་མཛད་སྤྱོད་ལ་བོད་སོག་མི་མང་ནང་ལོག་མཐོང་དང༌། གླེང་རྙོག་ཆེ་ཞིང༌། རྒྱལ་དབང་མཆོག་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དབར་དམ་ཚིག་མི་མཐུན་པ་བྱུང་བའི་གོ་སྐབས་བཟུང་སྟེ། སོག་པོ་ལྷ་བཟང་ཁཱང་གིས་བོད་སོག་མཆོད་ཡོན་དབར་མི་འགྲིགས་པའི་རྙོག་གཞི་ཡང་ཡང་བཟོས་ཏེ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཡོ་ཐབས་ཀྱིས་བཀྲོངས་ཏེ་བོད་ཁམས་སྤྱི་ལ་དབང་བསྒྱུར། ཁོང་གི་གསུང་རྩོམ་ནི་མགུར་གླུ་བཅས་བཞུགས། མེ་ཁྱི་ཕྱི་ལོ་ ༡༧༠༦ ལོར་ྋརྒྱལ་དབང་མཆོག་རྒྱ་ནག་ཏུ་གདན་འདྲེན་ཞུས་པའི་ཕེབས་ལམ་སུ་སྙུན་གཞི་བཞེས་ཏེ་མདོ་སྨད་མཚོ་སྔོན་པོའི་འགྲམ་གྱི་ཀུན་དགའ་ནོར་དུ་སྐུ་གཤེགས། རབ་བྱུང་བཅུ་གཉིས་པའི་མེ་ཕོ་སྟག་ལོ་སྟེ་ཕྱི་ལོ་ ༡༧༤༦ ལོར་མདོ་སྨད་དུ་སྐུ་མྱ་ངན་ལས་འདས་པ་ནི་གསོལ་དཔོན་བློ་གྲོས་དབང་ཕྱུག་གིས་མཛད་པའི་རྣམ་ཐར་དང་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་བཞེད་པ་ཡིན།

{{#arraymap:རྒྱལ་བ་ཚངས་དབྱངས་རྒྱ་མཚོ་

|; |@@@ | | }}