77121
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཞང་ཞུང་གི་ཕུག་པ་རྟག་གཟིགས་འོལ་མོ་གླིང་ཆེན་དུ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཉིད་(ཕྱི་ལོའི་སྔོན་༡༦༠༡༧-༧༨༡༦)འཁྲུངས་ནས། གདུལ་བྱའི་བློ་དང་སྦྱར་ནས་བོན་འཁོར་བསམ་གྱིས་མི་ཁྱབ་པ་བསྐོར་ཡོད། དེའི་ཚེ། འོལ་གླིང་གི་ལྷོ་ཤར་ནེ་ཁྲི་འབུམ་ཐང་གི་ཡུལ། ཤ་འབར་ཁྲི་རྩེ་ཡི་གྲོང་ཁྱེར། ན་ར་སྲིན་རྫོང་གི་མཁར་ལ་སོགས་ཀྱི་དབང་འཛིན་གྱི་རྒྱལ་པོ་ཡབ་འཁོར་ལོ་རབ་དགའ་དང་། ཡུམ་སྨྲ་ཟ་ན་གུང་གཉིས་ལ་སྲས་དྲག་བྱེད་ཧ་ལ་ར་ཙ་ཞེས་བྱ་བ་ཞིག་སྐྱེས་ཏེ། རྒྱལ་བུ་དེ་ཡང་གཤིས་རྒྱུད་སོགས་དྲག་རྩུབ་ཅན་དུ་བྱུང་བས། ལོ་བརྒྱད་ལོན་ནས་རྒྱལ་ས་བཟུང་ནས་རྒྱལ་འབངས་བསྐྱངས་ཏེ། སྔོན་བྱུང་ཡབ་མེས་ལྟར་རྣམ་དཀར་དགེ་བས་རྒྱལ་ཁམས་སྐྱོང་བའི་རྒྱུན་ལས་ལྡོག་ཏེ། འཇིག་རྟེན་གྱི་ཆེ་གྲགས་དང་། ཁྱིམ་མཚེས་ཀྱི་རྒྱལ་ཁབ་ཁག་ལ་འཐབ་རྩོད་ཀྱིས་དབང་བསྒྱུར་གྱི་ལས་བརྩམ་པས། རེ་ཞིག་རྒྱལ་པོས་ཕྱི་གླིང་གུ་ཝེར་རྒྱལ་པོར་གཡུལ་འཐབ་པར་དམག་མི་སྟོང་ཕྲག་བཅུ་གསུམ་བཅས་ཆས་ཏེ། ཕྱི་གླིང་རྒྱལ་པོ་ལ་རྩ་ཆེན་རྒྱུ་ནོར་གསུམ་ལས་ནོར་བུ་དམ་པ་དང་། སྤོས་ཀྱི་གླང་པོ་ཆེ་གཉིས་གཡོ་ཐབས་གཤམ་ནས་རྐུ་འཕྲོག་བྱེད་དེ། རང་ཡུལ་ལ་ལོག་རྗེས། གུ་ཝེར་རྒྱལ་པོས་དམིག་མི་སྟོང་ཕྲག་བཅུ་དྲུག་དང་བཅས་རྗེས་བདས་བྱས་ནས། འཐབ་པས་ཕན་ཚུན་དམག་མི་སྟོང་ཕྲག་དགུའི་ཚེ་སྲོག་ཤོར་ཡོད། ཐ་མ་དྲག་བྱེད་ཧ་ལ་ར་ཙ་རྒྱལ་ཏེ། རང་ཡུལ་ལོག་ནས་དགྱེས་སྟོན་བགྱིས་པ་ལ། རྒྱལ་པོ་ཡང་དྲེགས་སེམས་ཀྱིས་སྣང་བ་ཧ་ཅང་མཐོ་པོ་ཆགས། ད་དུང་རྒྱལ་པོས་ཕྱི་གླིང་རྩ་ཆེན་དཔག་བསམ་སྡོང་པོ་གཅིག་ཡོད་པས་དེ་ལེན་ཐབས་ལ་དམག་སྤུངས་ནས་འགྲོ་གྲབས་གཤམ་པའི་མཚན་མོར་རང་གིས་ལས་བྱེད་ཀྱིས་དམྱལ་བའི་སྣང་བ་སྣང་ནས་གཤེན་རྗེའི་ལས་མཁན་སོགས་ཀྱིས་མི་བཟོད་པའི་སྣང་བ་སྟེར་བས། ཞོགས་ཀ་རྒྱལ་བུ་གཉིད་སད་དེ་རབ་ཏུ་བཤུམས་སོ། །བློན་འཁོར་རྣམས་འདུས་ནས་ཅི་ལགས་ཞུས་པས། རྒྱལ་བུས་འོ་སྐོལ་དེ་རིང་མི་ཡུལ་དལ་འབྱོར་ཐོབ་ནས་སྙིང་པོ་ཞིག་མ་སྒྲུབ་ན་དོན་མེད་པའི་བཀའ་མཆིད་མང་པོ་གསུངས་ནས། སྟོན་པའི་སྒྲོན་མ་བཙལ་བར་བློ་ཐག་ཆོད་ནས་འཁོར་མང་པོ་དང་བཅས་ཏེ། གནས་མཆོག་འོལ་གླིང་ནས་སྟོན་པ་ཐུགས་རྗེ་ཅན་དང་རྒྱལ་སྲས་སེམས་དཔའ་བཅས་སྟོན་འཁོར་རྣམས་སྡིག་བཤགས་སྒྲིབ་སྦྱོང་ཆེད་རྒྱལ་སར་གདན་འདྲེན་ཞུས་པས། རྒྱལ་སའི་འཁོར་འབངས་ཡོངས་ཀྱིས་སྣེ་བསུ་གཟབ་རྒྱས་བྱེད་དོ། །དེའི་ཚེ། ཞུ་འཁོར་རྣམས་ཀྱིས་ཞུ་བར་བརྟེན། སྟོན་པས་ཀྱང་གདུལ་བྱ་གང་འཚམས་ཀྱི་བོན་བསྟན་ཏེ། རྒྱལ་པོ་དམག་ཚོགས་སྡིག་པ་ཤིན་ཏུ་ལྕི་བས། རྒྱལ་བ་རྒྱ་མཚོ་དང་། ཕྱོགས་བཅུའི་དུས་གསུམ་བདེར་གཤེགས་མཆོད་བཤགས་སོགས་བགྱི་ན་དགེ་མཚན་ཆེ་ཚུལ་སོགས་གསུངས་བར་བརྟེན། འཁོར་རྣམས་ཀྱིས་ཡོ་བྱད་རྫས་སོགས་བསགས་ཏེ། སྟོན་པས་ཀྱང་ཆོ་གའི་ལས་རིམ་བཞིན་གསུངས་སོ། །ཆོ་ག་འདི་ཉིད་དུས་རབས་བཅུ་བཞིའི་ནང་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྙན་དུ་བརྒྱུད་ཡོད། རྒྱས་པར་མདོ་དྲི་མེད་གཟི་བརྗིད་པོད་དྲུག་པ་ལས་གསལ་ལོ། ། |