77125
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱལ་བ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གསུམ་པའི་ཤིང་གླང་ཕྱི་ལོ་ ༡༨༠༥ ལོར་མདོ་སྟོད་ཆོས་འཁོར་དགོན་གྱི་ཉེ་འགྲམ་དུ་ཡབ་བསྟན་འཛིན་ཆོས་སྐྱོང་དང༌། ཡུམ་དོན་གྲུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྔོན་གནས་རྗེས་དྲན་དང༌། སྐུ་གོང་མའི་ན་བཟའ་ཉེར་ཆས་ངོས་འཛིན་གསལ་པོ་གནང་བ་སོགས་རྟགས་མཚན་དུ་མར་བརྟེན་ཕྱི་ལོ་ ༡༧༠༧ ལོར་ྋརྒྱལ་བའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས། ལྷ་སར་གདན་དྲངས་ཏེ་པཎ་ཆེན་རིན་པོ་ཆེས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་བློ་བཟང་དབང་ཕྱུག་ལུང་རྟོགས་རྒྱ་མཚོ་ཞེས་གསོལ་ཞིང༌། སྐབས་དེར་མན་ཇུ་ཨམ་བན་གྱིས་ཡང་སྲིད་ངོ་མར་ཡིད་ཆེས་ཡོང་ཆེད་གསེར་བུམ་དཀྲུག་འདོན་ལག་བསྟར་བརྒྱུད་བསྐུལ་བྱས་ཀྱང༌། དེ་ལྟར་མ་དགོས་པའི་ཆོས་ཕྱོགས་ཀྱི་བརྟག་ཞིབ་ལ་ཐུགས་གཏན་འཁེལ། ས་འབྲུག་ཕྱི་ལོ་ ༡༨༡༣ ལོར་པཎ་ཆེན་རིན་པོ་ཆེའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། རྒྱལ་དབང་མཆོག་སྐུ་ན་ཕྲ་བའི་དུས་སུ་དགེ་བའི་བཤེས་གཉེན་མང་པོ་བསྟེན་ཏེ་གསན་བསམ་མཛད་པ་མ་ཟད་གཞུང་ཆེན་པོད་ལྔའི་ཡ་གྱལ་མངོན་རྟོགས་རྒྱན་དང༌། དབུ་མ་འཇུག་པ་སོགས་རྒྱ་གཞུང་དུ་མ་ཡང་ཐུགས་ལ་འཛིན། དགག་བཞག་སྤོང་གསུམ་མཛད་པས་བསྟན་འགྲོར་སྨན་པའི་མཛད་བཟང་རྨང་གཞི་ཚུགས་ནའང༌། བོད་འབངས་བསོད་ནམས་ཀྱིས་མ་ཟིན་པར་དགུང་གྲངས་དགུར་ཕེབས་པ་རབ་བྱུང་བཅུ་བཞི་ཕག་ཕྱི་ལོ་ ༡༨༡༥ ལོར་སྐུ་མྱ་ངན་ལས་འདས། ། |