77180

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་མཁན་ཆེན་བློ་བཟང་ཉི་མ་ (1)
Part of speech མིང་ཚིག
Definition མདོ་སྨད་རེབ་གོང་གླིང་རྒྱལ་རུ་འཁྲུངས། འཁྲུངས་ལོ་མི་གསལ། ཆུང་དུས་ནས་བླ་མ་དོན་ཡོད་རྒྱ་མཚོ་ལས་ཡི་གེའི་འབྲི་ཀློག་སྦྱངས། འདུལ་འཛིན་བློ་བཟང་ནོར་བུ་ལས་རབ་ཏུ་བྱུང་། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་ཆོས་སྒོར་ཞུགས། མཁས་གྲུབ་བློ་བཟང་བསྟན་དར་སོགས་ལས་མཚན་ཉིད་ཀྱི་གཞུང་ལ་ཐོས་བསམ་མཛད། ཆོས་སྡེ་ཆེན་པོ་ལ་མོ་བདེ་ཆེན་དང་། བྱ་ཁྱུང་། སྐུ་འབུམ། སྟོང་སྐོར། བཙན་པོ་དགོན། དགོན་ལུང་། དམར་གཙང་། གྲོ་ཚང་རྣམས་སུ་གྲྭ་སྐོར་མཛད། དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། མཁས་དབང་བློ་བཟང་ཤེས་རབ་སོགས་ལས་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་གནང་། པཎ་ཆེན་བློ་བཟང་ཡེ་ཤེས། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་མཁས་གྲུབ་དུ་མ་བསྟེན། དགེ་བཤེས་ལྷ་རམས་པའི་དམ་བཅའ་ཐོན། རྩོད་པ་ཨང་དང་པོ་ཐོབ་པའི་ལེགས་སྐྱེས་སུ་རྒྱལ་མེ་ཏོག་ཐང་གི་མཁན་སར་མངའ་གསོལ། མི་དབང་ཕོ་ལྷ་ཐའི་ཇིས་བླ་མར་བསྟེན། མཚོ་སྔོན་དཀོན་མཆོག་ཝང་གིས་གདན་དྲངས་ཏེ་མཚོ་སྔོན་དུ་ལོ་འགར་བཞུགས། རབ་བྱུང་བཅུག་གཉིས་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༧༤༠ ལོར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་ཁྲིར་བཞུགས། གདན་ས་ལོ་བཅུ་གསུམ་རིང་བསྐྱངས། ཐོས་བསམ་གླིང་གི་འདུ་ཁང་དང་། བཀའ་བསྟན་འགྱུར། བཅུ་གཅིག་ཞལ་གྱི་ལི་སྐུ་གཙོ་བྱས་པའི་རྟེན་གསུམ་མང་དུ་བཞེངས། རབ་བྱུང་བཅུ་གསུམ་པའི་མེ་གླང་ཕྱི་ལོ་ ༡༧༥༧ ལོར་སྐུ་གཤེགས། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་རབས་བཅུ་པ་ཡིན།